རྒྱ་མི་ཞིག་གིས་སོག་པོའི་འབྲོག་པ་ཞིག་རྐྱེན་ལམ་དུ་བཏང་བ།
རྒྱ་མིའི་དོ་འདྲེན་སྣུམ་འཁོར་གྱི་ཁ་ལོ་པ་གཅིག་གིས་རང་ཉིད་ཀྱི་རྩ་ཐང་སྲུང་སྐྱོབ་བྱེད་བཞིན་པའི་ནང་སོག་འབྲོག་པ་ཅིག་རྐྱེན་ལམ་དུ་བཏང་བ།
-
2011-10-24 -
-
-
༄༅༎རྒྱ་མིའི་དོ་འདྲེན་སྣུམ་འཁོར་གྱི་ཁ་ལོ་པ་ཅིག་གིས་རང་ཉིད་ཀྱི་རྩ་ཐང་སྲུང་སྐྱོབ་བྱེད་བཞིན་པའི་ནང་སོག་འབྲོག་པ་ཅིག་རྐྱེན་ལམ་དུ་བཏང་ཡོད་སྐོར་ སོག་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་བསྟེ་གནས་ཁང་གིས་གསུངས་བཞག།
ད་ལོ་ཕྱི་ཟླ་ལྡ་པའི་ནང་རྒྱ་ནག་གི་བྱང་ཕྱོགས་ ནང་སོག་ཁུལ་རྒྱ་གཞུང་གིས་དམ་དྲག་ཆེ་བའི་སྲིད་བྱུས་དང་ཁུལ་དེའི་རང་འབྱུང་ཏེར་ཁ་རྒྱ་ནག་གིས་གང་བྱུང་བསྔོག་འདོན་བྱེད་ཀྱི་ཡོད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་མཁན་སོག་པོའི་འབྲོག་པ་ཞིག་རྒྱ་མིའི་མོ་ཏྲ་བཏང་མཁན་ཞིག་གིས་རྫིས་ནས་རྐྱེན་འདས་སུ་བཏང་རྗེས། ནང་སོག་ཁུལ་མང་ཚོགས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
ལྷོ་ཕྱོགས་སོག་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་བསྟེ་གནས་ཁང་གིས་གསུང་ན། ཉེ་དུས་ཟླ་བ་འདིའི་ཚེས་༢༠ཉིན་ ནང་སོག་གྲོང་ཁྱེར་ཨོར་ཌིསི་ཉེ་ཁྲིད་རྡོ་སྣུམ་འོར་འདྲེན་སྣུམ་འཁོར་གྱི་ཁ་ལོ་པ་རྒྱ་རིགས་ཅིག་གིས་ ནང་སོག་གི་འབྲོག་པ་ཛོ་རིགཏ་ལ་སྣུམ་འཁོར་གྱི་རྡུང་ནས་རྐྱེན་འདས་སུ་བཏང་ཡོད་པ་རེད། ཁུལ་དེའི་འབྲེལ་ཡོད་འཛིན་སྐྱོང་དཔོན་རིགས་ཚོས་ འབྲོག་པ་ཛོ་རིགཏ་འཆི་སྐྱོན་བྱུང་བ་དེ་གློ་བུར་རྐྱེན་ངན་ཞིག་ཡིན་པ་དང༌། སྣུམ་འཁོར་གྱི་ཁ་ལོ་པ་རྒྱ་རིགས་དེ་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག། འོན་ཀྱང་གོང་ཞུས་འགྲོ་བ་མིའི་ཐོབ་ཐང་བསྟེ་གནས་ཁང་གིས་གསུང་ན། འབྲོག་པ་ཛོ་རིགཏ་དང་དེ་མིན་ནང་སོག་གི་འབྲོག་པ་གཞན་འགའ་ཤས་ཀྱིས་དེ་སྔོན་ལ་རྒྱ་མིའི་སྣུམ་འཁོར་ཁ་ལོ་པ་དང་འཐབ་འཁྲུག་སྐབས་རྒྱ་མིས་ཉེས་རྡུང་བཏང་ནས་ཁོང་སྨན་ཁང་དུ་ཐེངས་འགའ་ཤས་ལུས་ཡོད་པ་རེད། ཛོ་རིགཏ་དང་སོག་པོའི་འབྲོག་པ་གཞན་ཚོས་རྒྱ་ནག་གི་རྡོ་སྣུམ་དང་རང་བཞིན་སོལ་རླངས་འོར་འདྲེན་བྱེད་མཁན་རྒྱ་མིའི་སྣུམ་འཁོར་ཁ་ལོ་པ་ཚོས་རྩ་ཐང་ཐོག་ཁྲིམས་མེད་ལུགས་མེད་མོ་ཏྲ་བཏང་ནས་ཁོ་ཚོའི་ཕྱུག་རིགས་མང་པོ་གསད་ཀྱི་ཡོད་པར་འགོག་རྒོལ་དང༌། རང་ཉིད་ཀྱི་ས་ཆ་སྲུང་སྐྱོབ་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་སྐོར་ནང་སོག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་འགྲེལ་བརྗོད་གནང་བཞག།