བོད་རྟའུ་དགོན་གྱི་ད་ལྟའི་གནས་སྟངས།
བོད་ཀྱི་མདོ་ཁམས་རྟའུ་ཉ་མཚོ་དགོན་པའི་མཐའ་འཁོར་གྱི་དམག་མིའི་གྲངས་ཀ་ཡང་ཉུང་དུ་ཕྲན་བུ་བཏང་ཡོད་པའི་སྐོར།
-
2011-08-19 -
-
-
༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས། ཉེ་ཆར་ཕྱི་ཟླ་བརྒྱད་པའི་ཚེས་༡༥ རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་སྟེ་འདས་གྲོངས་ཕྱིན་པའི་སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱི་དགོན་པའི་ནང་དེ་སྔོན་ནས་རྒྱ་ནག་གཞུང་གིས་ཆུ་དང་གློག་བཀག་འགོག་བྱས་པ་ད་ཆ་བསྐྱར་གསོ་ཐུབ་ཡོད་པ་དང༌། དགོན་པའི་མཐའ་འཁོར་གྱི་དམག་མིའི་གྲངས་ཀ་ཡང་ཉུང་དུ་ཕྲན་བུ་བཏང་ཡོད་པའི་སྐོར་བོད་ནས་གནས་ཚུལ་ཤེས་རྟོག་བྱུང་བ་གསུང་ཡོད་པ་རེད།
དེ་ཡང་བོད་ཀྱི་མདོ་ཁམས་རྟའུ་ཉ་མཚོ་དགོན་པ་དེ་ནི། ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་༦ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་ནས་རྒྱ་ནག་གཞུང་གིས་ཆུ་དང་གློག་བཅད་དེ་དགེ་འདུན་པ་ཚོར་ཆུ་གློག་གི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མ་ཟད། ཉེ་ཆར་ཕྱི་ཟླ་བརྒྱད་པའི་ཚེས་༡༥ ཉིན་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་དགོན་པ་དེའི་དགེ་འདུན་པ་ལོ་ན་༢༩ ཡིན་པའི་ཚེ་དབང་ནོར་བུ་ལགས་ཀྱིས། རྒྱལ་བ་རིན་པོ་ཆེ་བོད་དུ་ཆིབས་བསྒྱུར་གནང་དགོས་པ་དང༌། བོད་མི་ཚོར་རང་དབང་དགོས་ཞེས་པའི་ཡིག་ཆ་འགྲེམས་སྤེལ་དང༌། འབོད་ཚིག་སྒྲོག་པའི་རྗེས། རང་ལུས་ལ་མེ་སྤར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་རྗེས། རྟའུ་ཉ་མཚོ་དགོན་པ་རྒྱ་མིའི་དམག་དཔུང་གིས་མཐའ་བསྐོར་ཏེ་དམ་བསྒྲཌ་ཆེན་པོ་བྱས་ཡོད་ཅིང། རེས་གཟའ་མིག་དམར་ཉིན་རྟའུ་དགོན་པའི་དགེ་འདུན་པ་ཞིག་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ། ཁོང་ཚོའི་དགོན་པའི་མཐའ་སྐོར་དུ་རྒྱ་མིའི་དམག་མི་ཆིག་སྟོང་ཙམ་འགྲེམས་འཇོག་བྱས་ཡོད་པ་དང༌། ཆུ་དང་གློག་བཅད་དེ་ཉིན་གྲངས་འགའ་ཤས་འགྲོ་གི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་རིང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་སི་ཀྲེ་ཕེ་ནི་སྦི་རིག་ཌེན་ཞུ་བས། ཁོང་ཚོས་རྟའུ་ས་གནས་སུ་འབྲེལ་བ་བྱས་ཏེ་གནས་ཚུལ་ཤེས་རྟོག་བྱུང་ནི། ཁོང་ཚོའི་གློག་དང་འཐུང་ཆུ་རེས་གཟའ་ཕུར་བུའི་ཉིན་བསྐྱར་གསོ་བྱས་ཡོད་པ་དང༌། དགོན་པའི་མཐའ་འཁོར་གྱི་དམག་མི་ཉུང་དུ་ཕྱིན་ཡོད་པའི་ངོ་སྤྲོད་བྱས་བྱུང་བའི་སྐོར་གསུང་ཡོད་ཅིང༌། དེར་བརྟེན་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ཉ་མཚོ་དགོན་དུ་ཁ་པར་ཐོག་གནས་ཚུལ་འདྲི་རྩད་བྱས་པའི་སྐབས། དགོན་པའི་ཁ་པར་རྒྱ་མིས་ཉན་གྱི་ཡོད་པ་དང༌། སྐད་ཆ་ཤོད་རྒྱུ་སྟབས་བདེ་པོ་མེད་པའི་ལན་འདེབས་བྱས་ཡོད་པ་དང༌། རྟའུ་ས་གནས་རྒྱ་མིའི་གཞུང་གི་དཔོན་རིགས་ལ་སྐད་ཆ་དྲིས་ཐབས་བྱས་ཀྱང་དེར་ལན་འདེབས་གང་ཡང་བྱས་མེད་པ་རེད།