བོད་དོན་རྒྱབ་སྐྱོར་བ་རི་ཅཊ་གྷེཡེར་ (Richard Gere) ལགས་ཀྱིས་བོད་མི་ཚོས་ཁོང་དྲག་སྐྱེད་ཡོང་བར་སྨོན་ལམ་གནང་བར་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས། བོད་དོན་ཐོག་མུ་མཐུད་འབད་རྩོལ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས།
བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་གྲོགས་པོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཅཊ་གྷེཡེར་ (Richard Gere) ལགས་ཀྱིས་བོད་ནང་གི་བོད་མི་ཚོས་ཁོང་དྲག་སྐྱེད་འོང་རྒྱུར་སྨོན་ལམ་གནང་བར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག མུ་མཐུད་བོད་དོན་འཐབ་རྩོད་ཐོག་འབད་རྩོལ་གནང་རྒྱུ་ཡིན་པ་གསུངས་སོང་།
- 2025-03-05
-
-
-
བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་གྲོགས་པོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཅཊ་གྷེཡེར་(Richard Gere)ལགས་ཀྱིས་བོད་ནང་གི་བོད་མི་ཚོས་ཁོང་དྲག་སྐྱེད་འོང་རྒྱུར་སྨོན་ལམ་གནང་བར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག མུ་མཐུད་བོད་དོན་འཐབ་རྩོད་ཐོག་འབད་རྩོལ་གནང་རྒྱུ་ཡིན་པ་གསུངས་སོང་།
དེ་ཡང་དེ་རིང་ཕྱི་ཚེས་ ༥ ཉིན་བོད་དོན་ལ་རྒྱབ་སྐྱོར་ཡུན་རིང་གནང་མཁན་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་གྲོགས་པོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཅཊ་གྷེཡེར་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་བོད་ནང་གི་བོད་མི་ཚོར་བརྡ་འཕྲིན་ཞིག་གནང་བའི་ནང་། བར་ལམ་རི་ཅཊ་གྷིར་ལགས་སྐུ་གཟུགས་བདེ་མིན་གྱིས་ཕོ་རྨེན་ (prostate) བཤག་བཅོས་གནང་དགོས་བྱུང་བར། བོད་ནང་གི་བོད་མི་ཚོས་ཁོང་མྱུར་དུ་དྲག་སྐྱེད་ཡོང་བར་ཞབས་རིམ་སྨོན་ལམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ཆ་ཁོང་ཉིད་དྲག་སྐྱེད་བྱུང་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཉེ་པོའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་ལ་འབད་རྩོལ་གནང་རྒྱུ་ཡིན་པ་གསུངས་བྱུང་།
དེ་རིང་ཕྱི་ཟླ་ ༠༣ ཚེས་ ༠༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བསྟུན། དགའ་ལྡན་ཕོ་བྲང་གི་ལས་བྱེད་ལས་ཟུར་རྣམ་པ་དང་། ༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་ཉེར་ལྔའི་ཁོངས་ཀྱི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་སྐབས་རི་ཅཊ་གྷེཡེར་ལགས་ལྷན་ཞུགས་གནང་ཡོད་པ་དང་། དེ་རིང་བརྟན་བཞུགས་སྐབས་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཉེ་འཁྲིས་སུ་ལྷན་བཅར་ཞུ་རྒྱུ་བྱུང་བར་སྐལ་བ་བཟང་པོ་བྱུང་ལ། མགོན་པོ་མཆོག་ནས་བོད་ནང་གི་བོད་མི་ཚོའི་སྐོར་དགོངས་པ་བཞེས་བཞིན་འདུག་ལ། ལྷག་པར་མགོན་པོ་གང་ཉིད་ནས་མུ་མཐུད་ནང་པ་སངས་རྒྱས་པའི་བསྟན་པའི་རྗེས་འབྲང་བ་དང་བོད་མི་ཚོའི་ལམ་སྟོན་པ་གནང་རྒྱུའི་ཐུགས་འདུན་ཡོད་སྐོར་གསལ་སྟོན་གནང་བྱུང་།
གཞན་ཡང་ཁོང་གིས་ལོ་ངོ་ ༤༥ སྔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་མཇལ་བ་དང་། དེ་རྗེས་རིམ་བཞིན་བོད་ཀྱི་བླ་སྤྲུལ་རྣམ་པ་དང་། བོད་མི་དང་འབྲེལ་འདྲིས་བྱུང་བར་བརྟེན་ནས་ཁོང་སྒེར་གྱི་མི་ཚེར་བདེ་སྐྱིད་དང་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་དྲན་གསོ་དང་འབྲེལ། ཁོང་ཉིད་བོད་ཀྱི་ནང་པ་སངས་རྒྱས་པའི་བསླབ་བྱ་ཁག་འཛམ་བུ་གླིང་ལ་ཁྱབ་སྤེལ་བྱ་རྒྱུའི་བརྒྱུད་ལམ་ལྟ་བུར་གྱུར་བར་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད་པ་ངོ་སྤྲོད་གནང་བྱུང་།
གཞི་རྩའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཅཊ་གྷིར་ལགས་ནི་བོད་མིའི་བློས་འཐུབ་ཀྱི་གྲོགས་པོ་ཞིག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་གྲོགས་པོ་ཞིག་ཡིན་པས། སྔ་ལོ་ཁོང་སྐུ་གཟུགས་བདེ་མིན་གྱི་གནས་ཚུལ་ཁྱབ་འཕེལ་བྱུང་བར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཁོང་མྱུར་དུ་དྲག་སྐྱེད་ཡོང་བར་ཞབས་རིམ་སྨིན་སྒྲུབ་ཞུས་ཡོད་ལ། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཀྱང་ལ་དྭགས་བསོད་ནམས་གླིང་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་སྐབས་རེ་ཅཊ་གྷིར་ལགས་ནས་བོད་དོན་ཆེད་སྐུ་ལས་མང་པོ་སྐྱོན་ཡོད་པས། བར་ལམ་ཁོང་ཕོ་རྨེན་བཤག་བཅོས་གནང་དགོས་བྱུང་བར་བོད་མི་རྣམས་ནས་ཁོང་གི་ཆེད་ཞབས་རིམ་གསོག་སྒྲུབ་དང་སྨོན་ལམ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།