སྐུ་ཞབས་རི་ཆརཌ་གྷིཡར་ལགས་ཀྱིས་རྒྱལ་ཚོགས་ཀྱི་མི་སྣ་མཇལ་འཕྲད་གནང་བ།
སྐུ་ཞབས་རི་ཆརཌ་གྷིཡར་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དབུ་འཛིན་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་ཡོད་པ།
-
2018-06-28 -
-
-
Your browser doesn’t support HTML5 audio
༄༅། །རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Richard Gere ལགས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དབུ་འཛིན་ Zeid Raad Al Hussein ལ་མཇལ་ཕྲད་སྐབས་བོད་དོན་གླེང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་བོད་མིའི་སྐུ་ཚབ་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ Ján Figel ལ་མཇལ་བཅར་ཞུས་འདུག
དེ་ཡང་རྒྱལ་ཁབ་ ༤༧ ལས་གྲུབ་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༨ པ་སུད་སི་ཇི་ནི་ཝར་ཚོགས་བཞིན་པའི་སྐབས་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ Richard Gere ལགས་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཀྱི་གཙོ་འཛིན་ Zeid Raad Al Hussein མཆོག་ལ་ཕྱི་ཚེས་ ༢༦ ཉིན་མཇལ་མོལ་གནང་སྐབས། ཁོང་གིས་ད་རེས་ཀྱི་ལྷན་ཚོགས་དེའི་སྐབས་སུ་བོད་ནང་གི་གནས་སྟངས་གླེང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Matteo Meccaci ལགས་སྦེལ་ཇམ་རྒྱལ་ས་སྦར་སིལ་དུ་ཕེབས་ནས་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པ་དང་། དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཅས་དང་མཇལ་འཕྲད་ཀྱིས་ཉེ་ལམ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏོན་པའི་རྒྱལ་ཁབ་ཕན་ཚུན་ཕར་འགྲོ་ཚུར་འོང་གི་གནད་དོན་འབྲེལ་བའི་སྙན་ཐོ་དང་པོ་དེ་འབུལ་ལམ་གནང་འདུག་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ Jan Figelམཆོག་དང་མཇལ་འཕྲད་ཞུས་ནས་བོད་ནང་གི་ཆོས་དད་རང་དབང་སྐོར་ལ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དགོས་པའི་འབོད་སྐུལ་སོགས་ཞུས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནི་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་བོད་དོན་ལས་འགུལ་ཚོགས་པ་ཞིག་ཡིན་པ་རེད།།
གསར་འགོད་པ་བཀྲིས་དབང་ཕྱུག