བོད་མི་མང་པོ་ཞིག་གི་ན་ཚ་རྙིང་པ་མང་པོ་སྨན་བཅོས་བྱུང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་བསྐྱར་བཅོས་གནང་འདུག
-
2015-02-04 -
-
-
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་བསྐྱར་བཅོས་གནང་འདུག
དེ་ཡང་ཚེས༤ཉིན་འཕྲོད་བསྟེན་ལྷན་ཁང་གིས་གསལ་བསྒྲགས་གནང་བ་དེ་གཞིར་བཟུང་བྱས་ན། བོད་ནས་གསར་དུ་འབྱོར་བ་དང་། གྲ་བཙུན། ནང་མི་གཅིག་ལ་ཕྲུ་གུ་གསུམ་ལས་མང་བ་ཡོད་པ། ལོ་ན་རྒན་པ། ཉམས་ཐག་སྡེ་ཚན་ཁ་པ་དང་། ང་པ་བཅས་ལ་ལོ་རེའི་སྨན་བཅོས་ལྟ་སྐྱོང་ཆེད་དངུལ་ཕུལ་དགོས་པ་ནས་བརྒྱ་ཆ་༧༠ཨ་རིའི་རོགས་ཚོགས་ཀྱི་རོགས་དངུལ་ནས་གནང་རྒྱུ་དང་། བརྒྱ་ཆ་༣༠ དོ་བདག་སོ་སོས་གནང་དགོས་པ་ཞིག་ཡིན་འདུག སྨན་བཅོས་ལྟ་སྐྱོང་ཀྱི་ལས་གཞིའི་འགན་འཛིན་ཉི་མ་རྒྱལ་མཚན་ལགས་ཀྱིས། ལས་གཞི་དེ་འགོ་འཛུགས་གནང་སྟེ་ད་བར་ལོ་གསུམ་ཙམ་འགྲོ་གི་ཡོད་པ་དང་། དུས་ཡུན་དེའི་ནང་ལས་གཞི་དེའི་འོག་ནས་བོད་མི་མང་པོ་ཞིག་གི་ན་ཚ་རྙིང་པ་མང་པོ་ཞིག་སྨན་བཅོས་བྱ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། མ་འོངས་ལོ་བཅུ་ཙམ་ནང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེས་རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་ལ་འཕྲོད་བསྟེན་ཀྱི་ཐོག་ནས་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད་ལུགས་གསུངས་འདུག
ཕྱི་ལོ་༢༠༡༠ལོར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༣པས་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེ་འགོ་འཛུགས་གནང་རྒྱུའི་ཐག་ཆོད་གནང་སྟེ་ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་བཞི་པའི་ནང་དངོས་སུ་འགོ་བཙུགས་གནང་ཡོད་པ་རེད། ད་བར་ལས་གཞི་དེའི་ནང་རྒྱ་གར་ནང་ཡོད་པའི་བོད་མི་ཁྲི་གསུམ་ལྷག་མཉམ་བཞུགས་གནང་ཡོད་པ་དང་། དེའི་ནང་ནས་ད་བར་བོད་མི་ཆིག་ཁྲི་བརྒྱད་སྟོང་ཙམ་ཀྱིས་སྨན་བཅོས་ལྟ་སྐྱོང་ཀྱི་ལས་གཞི་དེའི་ཁེ་ཕན་ལེན་ཐུབ་པ་བྱུང་ཡོད་པ་རེད། འོན་ཀྱང་བོད་མི་མང་པོས་ལས་གཞི་དེའི་ནང་འཛུལ་ཞུགས་བྱེད་ཐུབ་ན་དེ་ཙམ་ཀྱིས་ལས་གཞི་དེ་ལམ་ལྷོང་ཡོང་བར་ཕན་ཐོགས་ཆེ་བ་ཡོད་སྟབས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེར་བསྐྱར་དུ་ཐུགས་ཞིབ་ནན་པོ་གནང་སྟེ་བསྐྱར་བཅོས་གནང་རྒྱུ་དེ་གལ་ཆེར་གཟིགས་ནས་བསྐྱར་ཞིབ་གནང་ཡོད་པ་དང་། དེ་བཞིན་ཟླ་བ་སྔོན་མའི་ཚེས་༢༤དང་༢༥ཉིན་གཉིས་རིང་བོད་མིའི་ས་གནས་འགོ་འཛིན་དང་། སྨན་པ། སྨན་ཁང་འགོ་འཛིན་འབྲེལ་ཡོད་ལས་བྱེད་བཅས་ལ་འཕྲོད་བསྟེན་ལྷན་ཁང་ནས་ཟབ་སྦྱོང་ཡང་གནང་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།