དམར་ཤོག་ཚོགས་ཆེན་དང་འབྲེལ་བོད་མི་ཚོར་འདུ་འཛོམས་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་འདུག
ཕྱི་ཚེས་༡༢ནས་བཟུང་རྒྱ་ནག་གཞུང་ངོས་ནས་ཞིང་ཆེན་དང་རྫོང་རིམ་པ། གྲོང་སྡེ་རིམ་པའི་མགོ་ཁྲིད་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་ས་དང་། གཞིས་རྩེ། འཕན་པོ་སོགས་སུ་ཚོགས་ཆེན་དང་འབྲེལ་བོད་མི་ཚོས་ཆོས་ལུགས་འདུ་འཛོམས་ཀྱི་བྱེད་སྒོ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་པར་རིས་རིགས་བརྒྱུད་བསྐུར་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ།
- 2022-10-14
-
-
-
Your browser doesn’t support HTML5 audio
ཟླ་འདིའི་ཕྱི་ཚེས་༡༦་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠པ་དེ་འགོ་ཚུགས་གྲབས་ཡོད་པ་བཞིན། ཚོགས་ཆེན་མ་ཚོགས་སྔོན་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་འོག་ནས་དམ་དྲགས་བྱེད་མགོ་ཚུགས་ཡོད་པ་དང་། ཕྱི་ཚེས་༡༢ནས་བཟུང་རྒྱ་ནག་གཞུང་ངོས་ནས་ཞིང་ཆེན་དང་རྫོང་རིམ་པ། གྲོང་སྡེ་རིམ་པའི་མགོ་ཁྲིད་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་ས་དང་། གཞིས་རྩེ། འཕན་པོ་སོགས་སུ་ཚོགས་ཆེན་དང་འབྲེལ་བོད་མི་ཚོས་ཆོས་ལུགས་འདུ་འཛོམས་ཀྱི་བྱེད་སྒོ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་པར་རིས་རིགས་བརྒྱུད་བསྐུར་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ལྷ་ས་དང་འཕན་པོ་སོགས་སུ་ཚོགས་ཆེན་དང་འབྲེལ་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་སྟོན་པའི་སྐུ་བརྙན་གཙོས་ལྷ་སྐུ་རིགས་གང་ཡང་བརྒྱུད་སྐུར་མི་ཆོག་པ་དང་། སྐད་འཕྲིན་ཚོགས་པ་ཁག་ནང་ཞོགས་པ་བདེ་ལེགས་དང་འཚམས་འདྲིའི་སྐབས་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་པར་རིས་དང་ཡིག་རིགས་བེད་སྤྱོད་བཏང་ན། མི་སྒེར་དང་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ལ་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། ཡང་འབྲེལ་བོད་མི་གཞན་ཞིག་ནས་མཛོད་དགེ་རྫོང་ལྷ་མོ་ཀིརྟི་དགོན་གཙོས་རྔ་བ་ཁུལ་གྱི་དགོན་པ་ཁག་ཏུ་ཚོགས་ཆེན་རིང་དགོན་པ་ཁག་ཚང་མས་ཚོགས་ཆེན་ལ་སློབ་སྦྱོང་བྱས་ཏེ། ཆོགས་ལུགས་དང་སྤྱི་ཚོགས་རང་བཞིན་གྱི་འདུ་འཛོམས་དང་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འདི་ལོའི་ཕྱི་ཟླ་༨པ་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ། རྒྱ་ནག་གཞུང་གིས་ལྷ་ས་དང་གཞིས་རྩེ། མངའ་རིས་སོགས་སུ་མི་མང་ལ་དངོས་ཤུགས་བརྒྱུད་གསུམ་ནས་རིམས་ནད་དང་འབྲེལ་བ་མེད་པའི་དམ་དྲགས་བྱས་ཡོད་པ་བཞིན། ཕྱི་ཟླ་༡༠ཚེས་༡༡ཉིན་རྒྱ་ནག་གཞུང་འབྲེལ་ནས་གནས་ཚུལ་ཞིག་སྤེལ་བའི་ནང་། ཏོག་དབྱིབས་རིམས་ནད་ཁྱབ་གདལ་མགོ་ཚུགས་པ་ནས་ལྷ་ས་གྲོང་ཁྱེར་གཅིག་པུའི་ནང་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་གནད་དོན་༦༥༥ཐག་གཅོད་དང་། མི་གྲངས་༡༠༨༡ལྷག་ལ་ཉེས་ཆད་འདྲ་མིན་བཅད་ཡོད་པ་བསྒྲགས་འདུག་ལ། ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་གཅིག་ནས་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་ལ་ཁ་གཡར་བ་ཙམ་ལས། གནད་དོན་དེའི་རྒྱབ་ཏུ་ཆབ་སྲིད་ཀྱི་གཡོ་བྱུས་ཡོད་པ་དངོས་ཡོད་ཡིན་པ་མི་མང་ཆེ་བས་ཤེས་རྟོགས་བྱུང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དུས་རྒྱུན་རྒྱ་ནག་གཞུང་འབྲེལ་གྱི་ཚོགས་འདུ་ཁག་ལ་བོད་ནང་དམ་དྲགས་ཤུགས་ཆེར་བྱེད་སྲོལ་ཡོད་པ་བཞིན། ཚོགས་ཆེན་ཁག་དང་འབྲེལ་མི་མང་ལ་གང་ཡང་འགྲོ་སྐྱོད་བྱེད་མི་བཅུག་པ་དང་། བོད་མི་ཚོར་རྗེས་འདེད་ལྟ་ཞིབ་དང་། ཕྱི་ལོ་༢༠༡༢ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༡༨་ཟེར་བ་ཚོགས་སྐབས། བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པུར་ཉེན་རྟོག་ས་ཚིགས་༡༣༤གསར་འཛུགས་བྱས་ཡོད་པ་དང། དེ་མིན་གྱི་གཞིས་རྩེ་དང།ལྷོ་ཁ།ནག་ཆུ།ཉིང་ཁྲི།ཆབ་མདོ། མངའ་རིས་བཅས་ཀྱི་ནང་ཉེན་རྟོག་ས་ཚིགས་༦༧༦གསར་འཛུགས་བྱས་ཏེ། བོད་མི་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲགས་ཤུགས་ཆེར་བྱས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།