བོད་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཡིན་པའི་གནས་བབས་བསྐྱར་གསོ་དགོས།
བོད་དེ་བཞིན་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཡིན་པའི་གནས་བབས་བསྐྱར་གསོ་གནང་དགོས་བ་སྲིད་སྐྱོང་མཆོག་གིས་ཁེ་ཎ་ཊ་ནས་གསུངས་འདུག
-
2017-11-20 -
-
-
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་དེ་བཞིན་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཡིན་པའི་གནས་བབས་བསྐྱར་གསོ་གནང་དགོས་བ་ཁེ་ཎ་ཊ་ནས་གསུངས་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ཎ་ཊའི་གྲོང་ཁྱེར་(Halifax)་ནང་འཚོགས་པའི་རྒྱལ་སྤྱིའི་ཉེན་སྲུང་ལྷན་ཚོགས་སྐབས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཅེས་པའི་བརྗོད་གཞི་སྐོར་གྱི་བགྲོ་གླེང་ཐོག་བཀའ་སློབ་གསུང་བཤད་གནང་མཁན་གཙོ་བོ་ཞིག་ཡིན་པ་དང་། སྐབས་དེར་ཁོང་གིས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་བོད་ནི་གནད་དོན་གཙོ་བོ་ཞིག་ཡིན་པ་དང་། བོད་ནི་ཨེ་ཤེ་ཡའི་ནང་གི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་རྒྱ་གར་དང་ས་འབྲེལ་སྤྱི་ལེ་༣༥༠༠་ཙམ་ཡོད་པའི་གལ་གནད་སྐོར་སོགས་གསུངས་པ་མ་ཟད། བོད་ཀྱི་གནད་དོན་དེ་མ་སེལ་གྱི་བར་དུ་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་ཞེད་སྣང་དངངས་ཚབ་དང་། བརྟན་ལྷིང་མེད་པའི་ཉེན་ཁ་མུ་མཐུད་གནས་རྒྱུ་ཡིན་སྐོར་དང་། རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་ས་མཚམས་ཟེར་བ་ཞིག་དུས་ནམ་ཡང་མེད་པ་དང་། བོད་དང་རྒྱ་གར་གཉིས་དབར་དང་། བོད་དང་རྒྱ་ནག་གཉིས་དབར་ས་མཚམས་ཡོད་པ་རེད། རྒྱ་དཀར་ནག་གཉིས་དབར་བོད་དེ་བར་གནས་རྒྱལ་ཁབ་ཡིན་པའི་གནས་བབས་བསྐྱར་གསོ་བྱས་པ་དེས་རྒྱ་གར་གྱི་ཁེ་ཕན་སྲུང་སྐྱོབ་ཆེད་ཞབས་འདེགས་ཡག་ཤོས་དེ་ཞུ་རྒྱུ་ཡིན་སྐོར་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས་ཉེ་དུས་རྒྱ་དཀར་ནག་གཉིས་དབར་འབྲོག་ལམ་སྐོར་རྩོད་རྙོག་བྱུང་བ་དེའི་སྐོར་གླེང་སྐབས། དེ་ནི་རྒྱ་ནག་གིས་རྒྱ་བསྐྱེད་རིང་ལུགས་འགོ་བརྩམས་པའི་བདེན་དཔང་ཡིན་པ་ཐེར་འདོན་བྱས་སྐོར་གསུངས་འདུག ཡང་བོད་དེ་དེང་སྐབས་ཀྱི་འཛམ་གླིང་གི་འབྲེལ་བ་ཆགས་སྟངས་སྐོར་གསུངས་སྐབས་ས་གོ་ལའི་གནམ་གཤིས་གནས་སྟངས་དེ་བོད་ཀྱི་ཁོར་ཡུག་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། ཐ་ན་ལག་ཁྱེར་ཁ་པར་རིན་གོང་ཆུང་ཆུང་ཁྲོམ་ས་ཁག་ནས་ཉོ་རྒྱུ་ཡོད་པ་དེ་དག་ཀྱང་བོད་ཀྱི་གནས་རི་ཁག་ནས་རྒྱ་མིས་སྔོག་འདོན་བྱས་པའི་གཏེར་རྫས་lithium་ཞེས་པ་ནས་བཟོས་སྐོར་དང་། འཛམ་གླིང་གི་ཡང་སྟེང་བོད་སྲུང་སྐྱོབ་ཆེད་བོད་མི་མང་ལ་རང་གི་ལུང་པའི་ཐོག་འཛིན་སྐྱོང་བྱེད་དུ་འཇུག་དགོས་སྐོར་གསུངས་འདུག
མཐའ་དོན་དུ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དེང་སྐབས་རྒྱ་ནག་གཞུང་གིས་(Denmark)་ནས་ཨོས་ཀྲེ་ལི་ཡ་དང་། ལྷོ་ཨ་ཕེ་རི་བར་རྒྱལ་ཁབ་ཚང་མའི་ལས་དོན་གནང་ཕྱོགས་ཐད་ཤུགས་རྐྱེན་ཇི་འདྲ་སྤྲོད་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་ཡང་གཏམ་བཤད་གནང་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།