ས་མཚམས་ཁུལ་གྱི་རྩོད་རྙོག་ཁག་སེལ་ཐབས་ལ་ཕན་ངེས།

༧གོང་ས་མཆོག་གིས་ད་ལོའི་ནོ་བེལ་ཞི་བདེ་གཟེངས་རྟགས་ཕུལ་སྟངས་དེས་རྒྱ་གར་དང་པ་ཀིས་ཐན་བར་གྱི་རྩོད་རྙོག་སེལ་བར་ཕན་པ་གསུངས་འདུག

༢༠༡༤ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གཉིས། པར་ཚགས

༧གོང་ས་མཆོག་གིས་ད་ལོའི་ནོ་བེལ་ཞི་བདེ་གཟེངས་རྟགས་ཕུལ་སྟངས་དེས་རྒྱ་གར་དང་པ་ཀིས་ཐན་བར་གྱི་རྩོད་རྙོག་སེལ་བར་ཕན་པ་གསུངས་འདུག  
དེ་ཡང་ANIཞེས་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་གིས་དེ་རིང་གནས་ཚུལ་སྤེལ་དོན་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བ་ཞིག་དང་པ་ཀི་སུ་ཐན་གྱི་ཡུལ་མི་ཞིག་ལ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་ཐུགས་དགྱེས་ཚོར་བྱུང་སྐོར་བཀའ་གནང་བ་དང་འབྲེལ་བཟང་སྤྱོད་ཐོག་ནས་དེ་ལ་དགེ་ཚན་ཆེན་པོ་རེད། དེས་པ་ཀི་སུ་ཐན་དང་རྒྱ་གར་བ་ཚོའི་ཁྲོད་དོན་དམ་པའི་བུ་སྤུན་གྱི་འདུ་ཤེས་སྐྱེས་རྒྱུར་ཕན་གྲོགས་ཡོང་རྒྱུ་ཡིན་སྐོར་སོགས་བཀའ་གནང་འདུག ད་དུང་༧གོང་ས་མཆོག་གིས་Malalaདང་། Satyarthi རྣམ་གཉིས་ནས་ལོ་ཆུང་བྱིས་པ་ཚོར་རྒྱབ་སྐྱོར་གནང་རྒྱུའི་ཕྱག་ལས་གཟེངས་སུ་ཐོན་པ་གནང་དང་གནང་བཞིན་པར་བསྔགས་བརྗོད་ཆེན་པོ་གནང་སྟེ་གལ་ཏེ་ལོ་ཆུང་བྱིས་པ་ཚོར་ཤེས་ཡོན་འདྲ་མཉམ་དང་ཤེས་ཡོན་ཆ་ཚང་བ་ཞིག་ཐོབ་པ་ཡིན་ན་ཁོང་ཚོའི་མ་འོངས་པ་སྲུང་སྐྱོབ་ཐུབ་རྒྱུ་ངེས་བརྟན་བཟོ་ཐུབ་རྒྱུ་ཡིན་སྐོར་ཡང་བཀའ་སྩལ་གནང་མཛད་འདུག ལོ་༦༧་གོང་ལ་རྒྱ་གར་དང་པ་ཀིས་ཐན་རྒྱལ་ཁབ་གཉིས་ལ་ཁ་བྲལ་བ་ནས་བཟུང་ཡུལ་གྲུ་འདི་གཉིས་དབར་དམག་འཁྲུག་ཐེངས་གསུམ་བྱུང་མྱོང་བ་དང་། ད་ཐེངས་ཞི་བདེ་གཟེངས་རྟགས་ཁོ་གཉིས་ལ་ གནང་བ་དེས་ཡུལ་གྲུ་གཉིས་དབར་ས་མཚམས་ཁུལ་གྱི་རྩོད་རྙོག་ཁག་སེལ་ཐབས་ལ་ཕན་གྲོགས་ཡོང་རྒྱུ་ཡིན་སྐོར་བཀའ་གནང་འདུག དམག་འཁྲུག་གཉིས་ནི་ཀཤིས་མིར་གྱི་གནད་དོན་ཐོག་ཐུག་ཡོད་པ་རེད་ལ་ཕྱི་ལོ་༡༩༩༨་ལོར་ཡུལ་གྲུ་གཉིས་ཀས་རྡུལ་ཕྲན་མཚོན་ཆ་ཚོད་བལྟ་བྱས་པ་ནས་བཟུང་དམག་འཁྲུག་ཆེ་བ་བྱུང་མེད་པ་རེད། འོན་ཀྱང་ཕྱི་ལོ་༢༠༠༣་ལོར་ཡུལ་གྲུ་གཉིས་དབར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་ཞིག་ལ་ས་རྟགས་བཀོད་མིན་ལ་མ་ལྟོས་པར་ས་མཚམས་ཁུལ་དུ་འཁྲུག་འཛིང་ཆུང་ངུ་ལན་མང་ཐུག་དང་ཐུག་བཞིན་པ་ལྟར་གཟའ་འཁོར་སྡོན་མའི་ནང་པ་ཀིས་ཐན་གྱིས་རྒྱ་གར་གྱི་ཀཤིས་མིར་ས་མཚམས་ཁུལ་དུ་མེ་འཕེན་གྱི་དོན་རྐྱེན་བྱུང་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org