༧རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་གཟིམ་ཁང་གསར་རྙེད་བྱུང་བ།

༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་ན་ཆུང་དུས་འཚར་ལོངས་བྱུང་སའི་གཟིམ་ཤག་གཉིས་གསར་རྙེད་བྱུང་འདུག

༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་ན་ཆུང་དུས་འཚར་ལོངས་བྱུང་སའི་གཟིམ་ཤག་གཉིས་གསར་རྙེད་བྱུང་འདུག
དེ་ཡང་ཚེས་༩ཉིན་རྒྱ་གར་གྱི་PTI གསར་ལས་ཁང་གིས་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གི་གནས་ཚུལ་ལུང་འདྲེན་བྱས་པར་ལྟར་ན། རྒྱ་གར་དང་འབྲུག་གི་ཉེ་འགྲམ་བོད་ཀྱི་ས་ཁུལ་ཞིག་ནས་༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་ན་ཆུང་དུས་སྐབས་འཚར་ལོངས་གནང་སའི་གཟིམ་ཁང་གཉིས་རྙེད་སོན་བྱུང་ཡོད་ལུགས་དང་། གནས་ཚུལ་དེས་ཁོང་སྐུ་འཚོ་བཞུགས་སྐབས་དང་། རྗེས་སུ་གློ་བུར་དགོངས་པ་ཆོས་དབྱིངས་སུ་ཕེབས་ཚུལ་བཅས་ཀྱི་སྐོར། གནས་ཚུལ་གསར་པ་ཁ་གསལ་ཤེས་རྟོགས་ཐུབ་རྒྱུའི་ཕན་རླབས་ཡོད་སྐོར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གཙོ་འཛིན་གཞོན་པ་པ་སངས་ནོར་བུ་ཞེས་པའི་བརྗོད་འདུག རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ ༡༦༨༣ལོར་འཁྲུངས་ཡོད་པ་དང་། ༡༦༩༧ལོར་༧རྒྱལ་དབང་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་གྱིས་ཕོ་བྲང་པོ་ཏཱ་ལར་ཁྲི་སྟོན་མ་ཞུས་བར། མཚོ་སྣ་རྫོང་དུ་བཞུགས་ཡོད་པ་རེད། ད་རེས་གསར་རྙེད་བྱུང་བའི་གནས་ཚུལ་ནང་གསལ་ལྟར་ན། ཚངས་དབྱངས་རྒྱ་མཚོ་མཆོག་རྒྱལ་མཆོག་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་མ་ཞུས་གོང་། གང་ཉིད་མཚོ་སྣ་རྗོང་དུ་ཤིང་དང་རྡོ་རྩིག་བྱས་པའི་ཁང་པ་ཐོག་རྩེགས་གཉིས་ཅན་ཞིག་ནང་འཚར་ལོངས་བྱུང་ཡོད་པ་དང་། ༡༩༥༩ལོར། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་གཟིམ་ཁང་དེ་བཞིན་སྒེར་བདག་ཅན་དུ་གྱུར་ཏེ་གོག་ཧུལ་དུ་གྱུར་ཡོད་འདུག ད་ཆ་མཚོ་སྣ་རྗོང་དུ་ཡོད་པའི་རྒྱལ་མཆོག་སྐུ་ཕྲེང་དྲུག་པའི་གཟིམ་ཁང་དེ། རྒྱ་ནག་གཞུང་གིས་ས་གནས་ཀྱི་གནའ་ཤུལ་གཅེས་ནོར་ཁོངས་སུ་ངོས་འཛིན་བདག་གཅེས་བྱེད་བཞིན་ཡོད་ལུགས་བཀོད་འདུག་པ་མ་ཟད། གཟིམ་ཁང་དེ་བཞིན་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གིས་ནང་ཆོས་སྐོར་ཐོག་མར་བསླབ་པ་སློབ་གཉེར་གནང་སའི་གཟིམ་ཁང་དེ་ཡིན་ལུགས་ཀྱང་བརྗོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org