ནིའུ་ཡོག་ཏུ་རྒྱ་རིགས་མཁས་པའི་ལྷན་ཚོགས།

ནེའུ་ཡོག་ནང་དུ་ཡོད་པའི་རྒྱ་རིགས་མཁས་པའི་ལྷན་ཚོགས་ཐོག་སྐུ་ཚབ་དོན་གཅོད་མཆོག་ཚོགས་བཅར་གྱིས་གཏམ་བཤད་གནང་ཡོད་པ་རེད།

༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་དུ་ཡོད་པའི་རྒྱ་རིགས་མཁས་པའི་ལྷན་ཚོགས་ཀྱིས་དམངས་གཙོའི་འཕོ་འགྱུར་དང་མ་འོངས་པའི་ལམ་ལུགས་ཞེས་པའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་བའི་ཐོག་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་སྐུ་ཚབ་དོན་གཅོད་མཆོག་ཚོགས་བཅར་གྱིས་གཏམ་བཤད་གནང་ཡོད་པ་རེད།

དེ་རིང་ཕྱི་ཚེས་༡༩ ཉིན་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། རྒྱ་རིགས་མཁས་པའི་ཚོགས་འདུ་དེ་ནི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐོང་ཚོགས་གནང་བའི་ཐོག་བྱང་ཨ་རི་དང༌། ཧོང་ཀོང༌། ཐེ་དབན། རྒྱ་ནག་སྐམ་ས་ཆེན་པོ་བཅས་ནས་རྒྱ་རིགས་མཁས་པ་༥༠ ཙམ་ཞིག་མཉམ་ཞུགས་བྱས་ཡོད་པ་དང༌། ཕྱི་ཚེས་༧ དང་༨ ཉིན་གཉིས་ཀྱི་ཚོགས་འདུ་དེའི་ཐོག་རྒྱ་ནག་དམངས་གཙོའི་ཕྱོགས་སུ་འཕོ་འགྱུར་འགྲོ་ཕྱོགས་དང༌། སྲིད་འཛིན་དང་སྲིད་བློན་གྱི་ལམ་ལུགས། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་གང་ཞིག་རྒྱ་ནག་ལ་འཚམས་པོ་ཡོད་མེད། དེ་བཞིན་འོས་བསྡུའི་ལམ་ལུགས་དང༌། རྩ་ཁྲིམས། མི་རིགས་ཀྱི་གནད་དོན་སོགས་གནད་དོན་མང་པོ་ཞིག་གི་ཐོག་གོ་བསྡུར་གནང་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་བཙན་བྱོལ་བོད་མིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་དང༌། དོན་གཅོད་ཁང་དེའི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་གཉིས་གདན་ཞུ་བྱས་པ་ལྟར། སྐུ་ཚབ་དོན་གཅོད་མཆོག་གིས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་སྟེ། རྒྱ་ནག་དེ་དམངས་གཙོ་ཅན་དུ་འགྱུར་བ་ཡིན་ཚེ། དཀའ་རྙོག་མང་པོ་ཞིག་སེལ་ཐུབ་པའི་ཐབས་ལམ་གཙོ་བོ་ཡིན་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང༌། བོད་མིའི་རང་དབང་འཐབ་རྩོད་ཀྱང་དམངས་གཙོ་གལ་འགངས་ཆེན་པོ་ཡིན་པ་དང༌། ད་ཆ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམངས་གཙོའི་འཕེལ་རིམ་ཡོངས་སུ་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་སོགས་གསུང་ཡོད་པ་རེད། ཚོགས་འདུ་དེའི་ཐོག་རྒྱ་རིགས་མཁས་པའི་ཚོགས་གཙོ་ཝང་ཏན་དང༌། ཧོང་ཀོང་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཧོ་ཅུན་རན། རྒྱ་ནག་གི་སྲིད་བློན་དམ་པ་སྐུ་ཞབས་ཀྲའོ་ཙེ་ཡང་གི་སློབ་སྟོན་པ་ཡན་ཅ་ཆིན་གྱི་སྐུ་ཚབ་ནས་དབུ་འབྱེད་ཀྱི་མཛད་སྒོར་གཏམ་བཤད་གནང་ཡོད་པ་རེད། དེ་རྗེས་བརྗོད་གཞི་སོ་སོའི་ཐོག་གྲོས་བསྡུར་བྱེད་པའི་སྐབས། རྒྱ་རིགས་ཀྱི་གནད་དོན་དང་འབྲེལ་བའི་བརྗོད་གཞིའི་ཐོག་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས། རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུ་ནི་བོད་མིའི་མངོན་འདོད་ཡིན་པ་དང༌། བོད་ཀྱི་གནད་དོན་ནི་མི་རིགས་ཤིག་གི་གནད་དོན་དང༌ཐུག་པ་ཞིག་དང༌། མི་རིགས་འཚོ་གནས་ཐུབ་མིན་གྱི་གནད་དོན་ཞིག་ཀྱང་ཡིན་པའི་སྐོར་དང༌། བོད་མི་ཚོས་འབད་བརྩོན་བྱེད་བཞིན་པའི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཁེ་ཕན་དང། གནད་འགག་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org