ཨ་རིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཆེད་བསྒྲགས་གཏམ་སྤེལ་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་བཏོན་འདུག

ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ཉིན་ལས་འགུལ་སྤེལ་སྐབས། ༢༠༡༥།༤།༢༥ Lhuboom/RFA

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ནས་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་བཏོན་འདུག
དེ་ཡང་ཟླ་འདིའི་ཚེས ༢༦ ཉིན་གྱི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩ བཞེས་པའི་སྐུའི་འཁྲུང་སྐར་དང་བསྟུན་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ (Heather Nauert)ལགས་ཀྱིས་བསྒྲགས་གཏམ་དེ་སྒྲོག་སྦྱངས་གནང་ཡོད་ལ། བསྒྲགས་གཏམ་ནང ཟླ་ ༤ ཚེས་ ༢༥ ཉིན་འདིར་ང་ཚོས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་གྱི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། ལོ་ངོ་ཉི་ཤུག་རྩ་གསུམ་གྱི་གོང་དུ་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས ༦ ལ་སོན་སྐབས་རྒྱ་ནག་གཞུང་གིས་ཁོང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མི་འཚལ་བའི་གནས་སྟངས་ཆགས་ཡོད། གཞན་ཡང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གྱིས་གཙོས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་གྲྭ་ཚང་སོགས་གཏོར་བཤིག་བཏང་བ་དང་། བོད་མིའི་ཆོས་དད་དང་སྐད་ཡིག  རིག་གཞུང་སོགས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུའི་རང་དབང་ལ་མུ་མཐུད་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དེར་ཨ་རིའི་གཞུང་ལ་སེམས་འཚབ་ཆེན་པོ་ཡོད། ཐེངས་འདིར་ང་ཚོས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་མར་གློད་བཀྲོལ་བཏང་སྟེ་འགྲོ་བ་མི་རིགས་ཀུན་ལ་ཁྱབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org