ས་གནས་ཁག་མང་པོར་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་མཚན་ཤས་བཟོ་ཐབས་བྱེད་མཁན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲྭ་ལམ་ཁག་ཅིག་ཏུ་༧གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོ་ཐབས་བྱས་བར་རྒྱ་གར་གཙོས་ས་གནས་ཁག་མང་པོར་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་ཚོས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག
- 2023-04-17
-
-
-
Your browser doesn’t support HTML5 audio
དེ་ཡང་ཉེ་ལམ་ཕྱི་ཟླ་༢བའི་ཚེས་༢༨ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ། རྒྱ་གར་གྱི་ཁང་ཚོང་ཁེ་གཉེར་ལས་ཁང་(M3M)་ཟེར་བ་དེའི་རོགས་ཚོགས་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་ཏེ་རྒྱ་གར་གྱི་སློབ་ཕྲུག་༡༢༠ ཙམ་ལ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། རྒྱ་གར་གྱི་ཕྲུ་གུ་ཞིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཐམ་འཁྱུད་ཆོག་པའི་གནང་བ་ཞུས་བར། ༧གོང་ས་མཆོག་གིས་ཞལ་བཞེས་དང་མཉམ་ཕྲུ་གུ་དེར་སྐུ་རྩེད་ཞུས་བའི་པའི་བརྙན་ཐུང་ཞིག་དྲྭ་ལམ་གང་སར་ཁྱབ་པར་བརྟེན། བཅད་གཏུབ་བྱས་བའི་བརྙན་ཐུང་དེ་ཕྱི་ཟླ་༤བའི་ནང་རྒྱ་གར་དང་ནུབ་ཕྱོགས། རྒྱ་ནག་བཅས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་གོ་བ་ལོག་སྒྲུབ་ཀྱིས་སྦིར་བསྒྲགས་ཤུགས་ཆེར་བྱས་བ་དང་། ལྷག་པར་དུ་ཁག་ཅིག་གིས་༧གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོ་ཐབས་བྱས་བར་བརྟེན། ད་ཆ་རྒྱ་གར་རྡ་རམ་སཱ་ལ་དང་ལ་དྭགས་གཙོས་རྒྱ་གར་གྱི་ས་གནས་ཁག་འདྲ་མིན་དང་། ཁེ་ཎ་ཌ་སོགས་ས་གནས་ཁག་མང་པོར་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་། ༧གོང་ས་མཆོག་ལ་དད་མོས་བྱེད་མཁན་མང་པོས། གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ལམ་དུ་༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་། ཁུངས་མེད་ཀྱི་རྫུན་གཏམ་སྤེལ་མཚམས་འཇོག་དགོས། ༧གོང་ས་མཆོག་ལ་དགོངས་སེལ་ཞུ་དགོས། རྒྱ་གར་དབུས་གཞུང་གིས་དེར་ཞིབ་འཇུག་བྱེད་དགོས་ཟེར་བ་སོགས་དགོས་འདུན་འདྲ་མིན་འོག་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག
སྤྱི་ཟླ་༤པའི་ཚེས་༡༧ཉིན་བཞུགས་སྒར་དུ་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་རིགས་ཁག་དང་། བོད་མི་སོགས་མཉམ་རུབ་ཀྱི་སྒོ་ནས། བཞུགས་སྒར་རྡ་སྟེང་ནས་རྡ་ཤོད་བར་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ལས་འགུལ་གོ་སྒྲིག་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། གནས་ཚུལ་བདེན་པ་མ་ཡིན་པ་ཞིག་སྤེལ་ཏེ་༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱས་པ་དང་། མཛད་པ་ལ་བར་ཆད་གཏོང་རྩིས་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ད་དུང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་པེ་ཏི་ས་གནས་ཀྱི་སློབ་ཕྲུག་ཚེ་རིང་དཔལ་འཛོམས་ནས། ༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱས་པར་སེམས་ནང་མི་བཟོད་པའི་སྡུག་བསྔལ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་པེ་ཏི་དང་ཁུ་ནུའི་སློབ་ཕྲུག་ཚོགས་པ་བཅས་ནས་མཉམ་རུབ་གོ་སྒྲིག་གི་ལས་འགུལ་འདིར། བོད་པ་དང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་རིགས་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཉིན་དེར་སྤྱི་ཏི་དང་ཀར་ཛ་ས་གནས་སོགས་སུ་ཧི་མ་ལ་ཡའི་ནང་པ་གནས་སྡོད་ཀྱི་ས་གནས་མང་པོའི་ནང་གཅིག་མཚུངས་སུ་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་། མཚན་ཤས་བཟོ་མཁན་ཚོར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་བཞིན་སྤྱི་ཚེས་༡༧ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་གཙོས་ཟངས་དཀར་སོགས་ཡུལ་ཕྱོགས་འདྲ་མིན་དུ་ལ་དྭགས་མི་མང་དང་བོད་མི་སོགས་སྟོང་ཕྲག་མང་པོ་འཛོམས་ནས་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་ལ་མཚན་ཤས་བཟོ་ཐབས་བྱེད་མཁན་ཚོར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་ཁྲོད། ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ལ་དྭགས་ནང་པའི་ཚོགས་པ་དང་། ལ་དྭགས་ཡོངས་ཀྱི་དགོན་པ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག ཞི་བའི་གོམ་བགྲོད་དང་མི་མང་མཉམ་འཛོམས་ཀྱི་ལས་འགུལ་སྤེལ་སྐབས། ལ་དྭགས་ས་གནས་ཀྱི་ཡུལ་མི་དང་བོད་པ་ཙམ་མ་ཟད། ལ་དྭགས་ས་གནས་ཀྱི་ཁ་ཆེ་དང་ཡེ་ཤུ་ཆོས་ཚོགས་ཀྱི་སྐུ་ཚབ་དང་མི་མང་། ད་དུང་ལ་དྭགས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་མང་པོ་དང་། མི་མང་ཁྱོན་ཆིག་ཁྲི་ལྔ་སྟོང་ལྷག་འཛོམས་ཡོད་པ་རེད་འདུག
སྐབས་དེར་ལ་དྭགས་གླེ་ཁ་ཆེ་ཨན་ཇུ་མན་ཨི་མ་མི་ཡ་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་ཤ་རཕ་ཨ་ལི་བར་ཆ་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ལུགས་རིས་མེད་ངང་ལ་དྭགས་མི་མང་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་པ་སོགས་གསུང་གནང་ཡོད་པ་རེད།
ལ་དྭགས་ནང་པའི་གཞོན་ནུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིག་འཛིན་རྡོ་རྗེ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་མི་གཅིག་པོའི་རྩ་བའི་བླ་མ་མིན་པར་ཧི་མ་ལ་ཡ་རི་རྒྱུད་དང་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་རྩ་བའི་བླ་མ་ཡིན་དུས། གཞན་གྱིས་མཚན་ཤས་བཟོ་ཐབས་བྱས་བའི་དུས་ངན་འདི་འདྲ་བའི་སྐབས་ཚང་མ་མཉམ་དུ་ལངས་ནས་ངོ་རྒོལ་བྱེད་དགོས་བ་གསུང་ཡོད་པ་རེད།
ཡང་ཤི་ཡ་མུ་སི་ལིམ་ཆོས་ལུགས་ཀྱི་ཤ་ཡིག་ཛེན་ཨུལ་ཨ་བི་དིན་ལགས་ཀྱིས། གནས་ཚུལ་འདི་གོ་བ་དང་སེམས་ཁྲལ་བྱུང་། ང་རང་ནང་པ་མིན་ན་ཡང་ངའི་རེ་བ་ལ་དཀྲོག་གཏམ་འདི་སྤེལ་མཁན་ལ་ཁྲིམས་ཀྱིས་ཐག་གཅོད་བྱེད་དགོས་བ་འདུག ཅེས་སོགས་གསུང་སོང་།
ལ་དྭགས་གསར་འགྱུར་རིག་གཞུང་ཚོགས་པའི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་ལགས་ཀྱིས། ༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་གྱི་གྲས་(KANGANA RANAUT)་དང་། (SHRADHA ARYA)་ཚུད་པའི་གཞན་ཚོ་ཕྱིན་ཆད་ལ་དྭགས་ས་གནས་སུ་གློག་བརྙན་བཟོ་བར་སླེབས་ཚེ་ཚོགས་པ་དེ་ཉིད་ནས་རྒྱབ་སྐྱོར་བྱེད་རྒྱུ་མིན་པ་བསྒྲགས་འདུག
དེ་བཞིན་ལ་དྭགས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། ད་རེས་༧གོང་ས་མཆོག་ལ་མཚན་ཤས་བཟོ་ཐབས་བྱས་བའི་དོན་རྐྱེན་འདིའི་ཐད་བརྟག་དཔྱད་ཡག་པོ་བྱས་ནས། རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་ཉེས་ཆད་གཏོང་དགོས་བའི་སྐུལ་མ་བྱེད་ཀྱི་ཡོད་ཅེས་སོགས་གསུང་ཡོད་པ་རེད།
ཁེ་ན་ཌར་བོད་མི་ཚོས་སྤྱི་ཚེས་༡༦ཉིན་གྲོང་ཁྱེར་ཀྲོ་རོན་ཀྲོའི་ས་གནས་(Masaryk)་གླིང་ག་ནས་(CBC)་གསར་ཁང་གི་མདུན་བར་གོམ་བགྲོད་སྐད་འབོད་བྱེད་ཞོར། གསར་ཁང་དེའི་མདུན་རྒྱ་ཁྱབ་ཏུ་ཕྱིན་པའི་༧གོང་ས་མཆོག་གི་བརྙན་ཐུང་དེ་ཆ་ཚང་བསྟན་ནས་དྲང་བདེན་གྱི་གནས་ཚུལ་བཤད་དགོས་བའི་རེ་འབོད་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་དང་མཚན་ཤས་བཟོ་ཐབས་བྱེད་མཁན་ལ་ངོ་རྒོལ། གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་དྲང་བདེན་བཀོད་སྤེལ་དགོས་བའི་ལས་འགུལ་ཡོད་པ་རེད།
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་ཁག་མང་པོར་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་ལ་མཚན་ཤས་བཟོ་ཐབས་བྱེད་མཁན་ལ་ངོ་རྒོལ། གསར་འགྱུར་བརྒྱུད་ལམ་ཁག་གིས་དྲང་བདེན་གྱི་གནས་ཚུལ་བཤད་དགོས་བ་སོགས་ཀྱི་དགོས་འདུན་བཏོན་ནས་རྣམ་པ་འདྲ་མིན་གྱི་ཐོག་ལས་འགུལ་སྤེལ་བཞིན་པ་རེད།
འདི་ཚེས་༡༦ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་གི་བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་ཐུན་མོང་གི་གོ་སྒྲིག་འོག སྒང་ཏོག་ནང་གི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་ར་རུ་བོད་མི་དང་ས་གནས་ཀྱི་ནང་པའི་ཡུལ་མི་མང་པོ་ཞིག་འདུ་འཛོམས་ཀྱིས། ཉེ་ཆར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་ཤས་བཟོ་ཐབས་བྱས་བའི་གནད་དོན་དང་འབྲེལ་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་དང་། རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་འཁྱོག་བརྗོད་ཀྱི་གནས་ཚུལ་སྤེལ་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
སྐབས་དེར་འབྲས་གཞུང་ནགས་ཚལ་བློན་ཆེན་སྐུ་ཞབས་ཀརྨ་བློ་གྲོས་བྷོ་ཊི་ཡ་ལགས་ཀྱིས། ད་རེས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་ཤས་བཟོ་ཐབས་བྱས་བར། ང་རང་སྒེར་ལ་སེམས་ཚབས་གང་ཡང་བྱུང་མ་སོང་། གང་ཡིན་ཞུས་ན། ཁོང་ནི་རླབས་ཆེན་གྱི་གང་ཟག་ཞིག་དང་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཞིག་ཀྱང་ཡིན་པ་རེད། ཁོང་ཀྱི་རླབས་ཆེན་གི་མཛད་འཕྲིན་ཁག་འཛམ་གླིང་ཁྱོན་ཡོངས་ནང་ཤེས་རྟོགས་ཐུབ་པ་ཞིག་རེད། ངོས་རང་ཁོང་གི་རྗེས་འཇུག་པ་ཞིག་ཡིན། མི་རིང་བར་ཁོང་མཇལ་བར་བཅར་རྒྱུ་ཡིན། ཚང་མ་སེམས་ཚབས་མ་གནང་རོགས། ༧གོང་ས་མཆོག་ལ་བསྙོན་འཛུགས་བྱས་པ་དེ་གཞི་མེད་རེད་ཅསེ་སོགས་གསུང་ཡོད་པ་རེད།
དེ་བཞིན་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨིན་དྷ་ར་ཧང་སུ་བྷ་(Indra Hung Subba)་ལགས་ཀྱིས། འདི་ཚེས་༡༦ཉིན་དེ་འབྲེལ་བསྒྲགས་གཏམ་སྤེལ་ནས། ༧གོང་ས་མཆོག་གིས་ད་ལྟའི་འགལ་ཟླ་སྣ་ཚོགས་ལྡན་པའི་དུས་སྐབས་འདིར་ཞི་བདེ་ཡོང་ཆེད་བྱམས་སྙིང་རྗེ་དང་བློ་གྲོས་གོང་སྤེལ་ཐོག་རིན་ཐང་བྲལ་བའི་ལེགས་སྐྱེས་འབུལ་ཡོད་པ་རེད།
ཁོང་ནི་རྒྱལ་ཁབ་དང་སྤྱི་ཚོགས་གཅིག་གི་ཁོངས་སུ་མི་གཏོགས་པར། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་སུ་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་མཛད་བཞིན་ཡོད་པ་མ་ཟད། ད་ལྟའི་འགྲོ་བ་མིའི་རིགས་ལ་དཀའ་སྡུག་འཕྲད་བཞིན་པའི་དུས་སྐབས་འདིར། ཁོང་གིས་ད་དུང་མུ་མཐུད་དུ་ལེགས་སྐྱེས་གང་མང་འབུལ་རྒྱུའི་རེ་བ་ཞུ་བཞིན་ཡོད།
ང་ཚོ་མི་མང་ཚང་མ་དང་། ལྷག་པར་དུ་ཆབ་སྲིད་འགོ་ཁྲིད་དང་སྤྱི་ཚོགས་ལས་འགུལ་བ། འགྲོ་བ་མིའི་བདེ་རྩ་ལ་ཞེན་སྐུལ་ཅན་ཚང་མ་མཉམ་དུ་ཁོང་གི་རྒྱབ་ཏུ་ལངས་དགོས་པ་སོགས་འཁོད་འདུག
དེ་བཞིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་དང་། རྡོ་རྗེ་གླིང་ཁུལ་དུ་གནས་སྡོད་བོད་མི་དང་ས་གནས་ནང་པའི་ཡུལ་མི་ཚོས་དེ་མཚུངས་ལས་འགུལ་ཤུགས་ཆེ་སྤེལ་ཡོད་འདུག།
གསར་འགོད་པ། ས་གནས་གསར་འགོད་པ་རྣམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།