ཨ་རིའི་རོགས་སྐྱོར་མ་དངུལ་མཚམས་འཇོག་བྱས་པར་བརྟེན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གི་ལས་དོན་རྣམས་མཚམས་འཇོག་བྱེད་སྲིད།
ཨ་རིའི་གཞུང་གིས་འཛིན་སྐྱོང་བཀའ་རྒྱ་བཏང་སྟེ་ཨ་རི་རྒྱང་བསྲིངས་རླུང་འཕྲིན་ཁང་ (VOA) དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) ཡོ་རོབ་རང་དབང་རླུང་འཕྲིན་དང་གུ་ཡང་རླུང་འཕྲིན། (RFE/RL) ཨ་རིའི་གཞུང་གིས་མ་དངུལ་སྤྲོད་པའི་གསར་འགྱུར་ལས་ཁང་གཞན་ཁག་གི་ལྟ་སྐྱོང་བྱེད་མཁན་གྱི་སྡེ་ཚན་ལས་ཁུངས་དེ་མེད་པ་བཟོ་རྒྱུར་དམིགས་ཡུལ་བཅངས་ཡོད་པ་རེད།
-
RFA Staff
2025-03-15 -
-
-
**འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དབྱིན་ཡིག་ནང་ཀློག་ཐུབ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (Radio Free Asia) ལ་རེས་གཟའ་སྤེན་པའི་ཉིན་འབྱོར་བའི་མ་དངུལ་མཚམས་འཇོག་གི་བརྡ་ཐོའི་ནང་གསལ་ལྟར་ན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་མཉམ་དེ་མཚུངས་ཀྱི་གནའ་སྦྲེལ་ཚོགས་པ་ཁག་ལ་ཨ་རིའི་གཞུང་གི་མ་དངུལ་གནང་བཞིན་པ་ཁག་མཚམས་འཇོག་བྱེད་ཡོད་པ་ཤེས་རྟོགས་བྱུང་ཡོད།
ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གིས་རེས་གཟའ་པ་སངས་ཕྱི་དྲོ་འཛིན་སྐྱོང་བཀའ་རྒྱ་གསལ་བསྒྲགས་གནང་པའི་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལྟ་རྟོག་བྱེད་པོའི་སྒྲིག་འཛུགས་ཏེ་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (United States Agency for Global Media, or USAGM) འོག་ཏུ་ཡོད་པའི་ཁྲིམས་ལུགས་དགོངས་དོན་དང་མི་མཐུན་པའི་རང་དབང་ཅན་གྱི་གོ་ལའི་གསར་འགྱུར་བརྒྱུད་ལམ་གྱི་སྒྲིག་འཛུགས་ཁག་ཉུང་དུ་གཏོང་དགོས་པའི་བཀོད་འདོམས་བྱས་ཡོད།
ཨ་རིའི་གྲོས་ཚོགས་ཀྱིས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ལ་དངུལ་རྩིས་བཀའ་འཁྲོལ་གནང་སྟེ་གསར་འགྱུར་ལས་ཁུངས་ཁག་ལ་དངུལ་རྩིས་རོགས་དངུལ་བགོ་འགྲེམས་གནང་གི་ཡོད་པ་རེད།
སྲིད་འཛིན་གྱི་བཀའ་རྒྱ་དེའི་ནང་། ཁྲིམས་དང་བསྟུན་གང་ཐུབ་ཀྱི་ངང་ནས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་དང་། འགྲེམས་སྟོན་ཁང་། སྡོད་ཁྱིམ་མེད་པའི་དཀའ་ངལ་ཅན། གྲངས་ཉུང་ཚོང་ལས་གོང་འཕེལ་སོགས་ཀྱི་ཐོག་ལས་དོན་བྱེད་པའི་གཞུང་འབྲེལ་མིན་པའི་སྡེ་ཚན་གཞན་ཁག་དྲུག་མེད་པ་བཟོ་དགོས་པ་བརྗོད་ཡོད། བཀའ་རྒྱ་དེའི་ནང་། ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་གྱིས་ཁྲིམས་མཐུན་མ་ཡིན་པའི་སྒྲིག་འཛུགས་ (non-statutory components) ཞེས་བཀོད་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཁྲིམས་བཟོའི་བཀའ་ལུང་དང་མཐུན་པའི་ཐོག་བཙུགས་པ་ཞིག་ཡིན་པ་དང་། དེའི་གོ་དོན་ནི་ཨ་རིའི་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་རྒྱང་སྲིང་ཁྲིམས་ཡིག་དགོངས་དོན་ལྟར་ཁྲིམས་མཐུན་གཏན་འབེབས་བྱས་པའི་སྒྲིག་འཛུགས་ཞིག་ཆགས་ཡོད་པ་རེད།
འོན་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གཙོ་འཛིན་ལ་རེས་གཟའ་སྤེན་པའི་ཉིན་ ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) གྱི་དམིགས་བསལ་སློབ་སྟོན་པའི་མཚན་གནས་ཡོད་པ་ “Senior Advisor to the Acting CEO with Authorities Delegated by Acting CEO,” ཀེ་རི་ལེཀ་ (Kari Lake) ཀྱིས་འཛིན་སྐྱོང་སྤྱི་ཁྱབ་ལས་ཚབ་ཀྱི་སློབ་སྟོན་པ་བགྲེས་པ་དང་འཛིན་སྐྱོང་སྤྱི་ཁྱབ་ལས་ཚབ་ཀྱིས་བཀོད་འདོམས་འོག་སྒྲིག་འཛུགས་དེའི་འོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གཞུང་གི་མ་དངུལ་རྣམས་མཚམས་འཇོག་བྱེད་རྒྱུ་དང་། ཕྱག་བྲིས་དེའི་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངེས་གཏན་གྲོན་གཏོང་མ་བྱས་པའི་མ་དངུལ་རྣམས་གང་མགྱོགས་ཕྱིར་སློག་དགོས་"པའི་ལས་འགན་ཡོད་ཅེས་དང་། ཉིན་གྲངས་ ༣༠ ནང་ཚུན་ལ་ཞུ་སྐུལ་བྱེད་ཆོག་ཅེས་གསལ་ཡོད་པ་རེད།
ལས་དོན་རྣམས་ནམ་ཞིག་དང་ཇི་ལྟར་མཚམས་འཇོག་བྱེད་ཀྱི་ཡོད་མེད་ལམ་འཕྲལ་གསལ་ཁ་བྱུང་མེད་ཀྱང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་གཞུང་གི་རོགས་དངུལ་ཁོ་ནར་བརྟེན་བཞིན་ཡོད་པ་རེད།
རེས་གཟའ་སྤེན་པ་ཉིན་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གཙོ་འཛིན་བྷེ་ཕང་གིས་རླུང་འཕྲིན་ལས་ཁུངས་ངོས་ནས་གཞུང་གི་བཀའ་རྒྱ་དེར་གདོང་ལེན་བྱ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་ཡོད།
བྷེ་ཕང་གིས་གསལ་བསྒྲགས་དེའི་ནང་བརྗོད་དོན། “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཚམས་འཇོག་བྱས་པ་དེ་ནི། གསར་འགྱུར་བརྒྱུད་ལམ་དང་འབྲེལ་བའི་ཁོར་ཡུག་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པ་ཐེ་བའི་ཤུགས་རྐྱེན་ཅན་ཚོར་སྟངས་འཛིན་མེད་པར་འདོད་མོས་བྱེད་མཁན་གྱི་སྲིད་དབང་སྒེར་འཛིན་པ་དང་དྲག་པོའི་དབང་འཛིན་པ་རྣམས་ལ་བྱ་དགའ་ཞིག་རེད།" ཅེས་དང་། "དེ་རིང་གི་བརྡ་ཐོ་འདིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲང་བདེན་གྱི་གནས་ཚུལ་ལ་གཟའ་འཁོར་གཅིག་གི་ནང་གསན་གཟིགས་གནང་མཁན་གྱི་མི་གྲངས་ས་ཡ་ ༦༠ ཙམ་ཡོད་པ་ཚོར་གནས་ཚུལ་དེ་དག་ལ་ལྟ་ཀློག་བྱེད་པའི་ཐོབ་ཐང་འཕྲོག་པ་ཞིག་ཏུ་གྱུར་པ་མ་ཟད། ང་ཚོ་རང་ཉིད་ཀྱིས་མཐུན་རྐྱེན་སྦྱར་ཏེ་ཨ་མི་རི་ཀའི་དགྲ་བོ་ཚོར་ཁེ་ཕན་སྤྲོད་ཀྱི་ཡོད་རེད་”ཅེས་གསུངས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་ཀྱིས་མ་དངུལ་སྦྱོར་སྤྲོད་གནང་པའི་རྩོམ་སྒྲིག་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་ཞིག་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༡༩༩༦ ལོར་ཐོག་མར་རྒྱ་སྐད་ཐོག་ནས་རྒྱང་སྲིང་གི་ལས་རིམ་འགོ་བཙུགས་ཤིང་། དེ་ནས་ལོ་ཤས་ནང་སྐད་ཡིག་སྡེ་ཚན་དགུའི་ནང་རྒྱ་བསྐྱེད་བྱས་ཡོད། སྐད་ཡིག་དེ་དག་ནི། བོད་སྐད་དང་། ཁེན་ཊོ་ནིསི། ཡུ་གུར། ཀོ་རི་ཡ། ཁེ་མེར། ཝིཡེཏ་ནམ། འབར་མ། ལའོསི་བཅས་ཡིན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལས་རིམ་ནི་རླུང་འཕྲིན་དང་། བརྙན་འཕྲིན། སྤྱི་ཚོགས་དྲྭ་རྒྱ་དང་དྲྭ་ཐོག་བཅས་ཀྱི་བརྒྱུད་ནས་གསར་འགྱུར་རང་དབང་མེད་པའམ་རང་དབང་ཧ་ཅང་ཉུང་བའི་རྒྱལ་ཁབ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་དེ་དག་ལ་འཁྱོག་བརྗོད་ཕྱོགས་ལྷུང་དང་ཚགས་སེལ་བཀག་འགོག་མེད་པའི་གསར་འགྱུར་མཁོ་སྤྲོད་ཡང་ཡང་བྱེད་མཁན་གྱི་གནས་ཚུལ་འབྱུང་ཁུངས་གཅིག་པུ་དེ་ཡང་ཆགས་ཡོད་པ་རེད། གང་ལ་ཞེ་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་དང་། བྱང་ཀོ་རི་ཡ། ཤིན་ཅང་ལྟ་བུའི་ཕྱི་ལ་བཀག་སྡོམ་ཧ་ཅང་བྱས་པའི་རྒྱལ་ཁབ་དང་ས་ཁུལ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པས། དེའི་དབྱིན་ཡིག་ཏུ་ཕབ་བསྒྱུར་བྱས་པ་རྣམས་ས་ཁུལ་དེ་དག་མང་པོ་ཞིག་གི་གནས་ཚུལ་ཐོབ་སའི་འབྱུང་ཁུངས་གཙོ་བོ་དེའང་ཆགས་ཀྱི་ཡོད།
ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ཀྱིས་སྐད་ཡིག་ ༦༠ ལྷག་ལ་བཀོལ་སྤྱོད་བྱེད་མཁན་གྱི་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་བལྟ་སྐྱོང་བྱེད་ཀྱི་ཡོད་པ་དང་། དེས་རླུང་འཕྲིན་གསན་གཟིགས་མཁན་འབུམ་ཕྲག་མང་པོར་འབྲེལ་བ་འཐུད་ཀྱི་ཡོད་ལ། དེའི་ནང་ཡོ་རོབ་རང་དབང་རླུང་འཕྲིན་ཁང་དང་གུ་ཡང་རླུང་འཕྲིན་ཁང་བཅས་ཚུད་ཡོད་པ་རེད། རེས་གཟའ་སྤེན་པའི་ཉིན་གསལ་བསྒྲགས་བྱས་པ་ལྟར་ན། དེ་དག་གི་རོགས་དངུལ་ཡང་མཚམས་འཇོག་བྱས་ཡོད་པ་དང་། ཨ་རིའི་རླུང་འཕྲིན་ཁང་དང་ཁྱུ་བྷ་རླུང་འཕྲིན་ཁང་གི་ལས་ཁུངས་གཉིས་ནི་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) གྱིས་ཐད་ཀར་འཛིན་སྐྱོང་བྱེད་ཀྱི་ཡོད་པ་དང་། རེས་གཟའ་སྤེན་པའི་ཉིན་དེ་དག་གི་ལས་བྱེད་ཡོངས་རྫོགས་ལ་གླ་ཕོགས་ཐོབ་པའི་གནས་སྟངས་འོག་གུང་གསེང་ལ་བཞག་ཡོད་པ་རེད།
VOA ཨ་རི་རྒྱང་བསྲིངས་རླུང་འཕྲིན་ཁང་གི་འགན་འཛིན་མཡི་ཀལ་ཨབ་ར་མོ་ཝིཙ་ (Michael Abramowitz) གིས་ངོ་དེབ་དྲྭ་རྒྱ་ཐོག་བཀོད་པའི་འཕྲིན་ཞིག་ནང་།"ངས་དེ་རིང་ཞོགས་པར་ཤེས་རྟོགས་བྱུང་བར། ཨ་རི་རྒྱང་སྲིང་རླུང་འཕྲིན་ཁང་གི་ལས་བྱེད་ཧ་ལམ་ཡོངས་རྫོགས་—གསར་འགོད་པ་དང་ལས་རིམ་བཀོད་སྒྲིག་པ། རྒྱབ་སྐྱོར་ལས་བྱེད་པ་བཅས་མི་གྲངས་ ༡༣༠༠ ལྷག—དེ་རིང་འཛིན་སྐྱོང་གི་དགོངས་ཞུ་ཐོག་བཞག་ཡོད། ང་རང་ཡང་དེ་མཚུངས་ཡིན།" ཞེས་སྤེལ་འདུག
གསར་འགོད་པ་སྲུང་སྐྱོབ་ཚོགས་ཆུང་ (Committee to Protect Journalists) གི་ལས་རིམ་འགན་འཛིན་ཀར་ལོ་སི་མར་ཊི་ནེཛ་ཌེ་ལ་སེར་ནཱ་ (Carlos Martinez de la Serna) ཡིས་ཨ་རིའི་གྲོས་ཚོགས་ལ་"གསར་འགྱུར་ལ་དམ་དྲག་བྱེད་པའི་རྒྱལ་ཁབ་ཁག་ནང་ཚགས་སེལ་བཀག་སྡོམ་མེད་པར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་" ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ལ་མ་དངུལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ཞུས་འདུག
ཁོང་གིས་གསལ་བསྒྲགས་དེའི་ནང་། "གྲོས་ཚོགས་ཀྱིས་མ་དངུལ་གནང་སྟེ་འཛམ་གླིང་ཁྱོན་གྱི་གཅིག་བཏུས་དབང་འཛིན་སྲིད་གཞུང་གི་ལྟ་ཚུལ་དྲིལ་བསྒྲགས་གདོང་ལེན་བྱེད་མཁན་གྱི་རང་དབང་ལྡན་པའི་གསར་འགོད་རིག་པར་རྒྱབ་སྐྱོར་བྱེད་མཁན་གྱི་སྒྲིག་འཛུགས་དེ་ཨ་རིའི་ཕོ་བྲང་དཀར་པོས་མེད་པ་བཟོ་ཐབས་བྱེད་པ་ནི་ཧ་ལས་དགོས་པ་ཞིག་རེད་"ཅེས་གསུངས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་གཅོག་འཕྲི་བྱས་པ་དེས་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་པའི་ཨ་རིའི་གཞུང་གི་ནུས་པར་དམིགས་བཀར་ཤུགས་རྐྱེན་ཐེབས་སྲིད་པར་རྒྱ་ནག་ལ་ལྟ་ཞིབ་བྱེད་པོ་ཚོས་ཉེན་བརྡ་བཏང་ཡོད་པ་རེད།
དེ་ཡང་ཁེ་ལི་ཧྥོར་ནི་ཡའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཨེམི་བྷེ་ར་ (Rep. Ami Bera) ཡིས་ X སྤྱི་ཚོགས་དྲྭ་རྒྱའི་ཐོག་བཀོད་དོན། “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱུན་མི་ཆད་པའི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་དང་མང་ཚོགས་ལ་བདེན་པ་དང་བཀག་འགོག་མེད་པའི་གསར་འགྱུར་མཁོ་སྤྲོད་བྱེད་པའི་ཐོག་ནས་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་བྱེད་པའི་གལ་ཆེའི་ནུས་པ་བཏོན་ཡོད།" ཅེས་བཀོད་འདུག་ལ། ད་དུང་། "ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་དང་མཉམ་དུ་འཕྲད་པའི་ཨ་མི་རི་ཀའི་སྟོབས་ཆེན་རྒྱལ་ཁབ་དབར་གྱི་འགྲན་རྩོད་ཀྱི་ཁྲོད་ཨ་རིའི་མང་གཙོའི་རིན་ཐང་ལ་རྒྱབ་སྐྱོར་དང་། ཡུ་གུར་མི་རིགས་དམར་གསོད་དང་རྒྱ་ནག་གཞུང་གི་ཕྱི་རྒྱལ་ཁག་ཏུ་ལྐོག་འགྱུར་གྱི་ལས་དོན་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་ཚུལ་སྐྱོ་བོ་ཁག་ཐེར་འདོན་བྱེད་ཀྱི་ཡོད།"ཅེས་བཀོད་འདུག
ཨ་རིའི་ཪ་ཤི་ཡའི་གཞུང་ཚབ་ཟུར་པ་མཡེ་ཀལ་མེག་ཧྥོལ་ (Michael McFaul) ཀྱིས་ “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་དེའི་མཉམ་འབྲེལ་དཔར་སྐྲུན་ཁང་རྣམས་མེད་པ་བཟོ་རྒྱུ་དེ་ནི་རྒྱ་ནག་ལ་སྤྲད་པའི་ལག་རྟགས་ཆེན་པོ་ཞིག་རེད་ཅེས་གསུངས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ (Human Rights Watch) རྒྱ་ནག་སྡེ་ཚན་གྱི་ལས་འཕར་འགན་འཛིན་མཱ་ཡ་ཝང་ (Maya Wang) ལགས་ཀྱིས་ཤིན་ཅང་དང་བོད་ལྟ་བུའི་ས་ཁུལ་ཁག་ཏུ་ཨེ་ཤེ་ཡ་རང་དབང་རླང་འཕྲིན་ཁང་ནི་གནས་ཚུལ་ཕྱིར་སྤེལ་ཐུབ་མཁན་ཉུང་ཤས་གྲས་ནས་གཅིག་ཡིན་པ་རེད། འདི་མེད་པ་ཆགས་ཚེ་ས་ཁུལ་དེ་དག་གནས་ཚུལ་གྱི་དོང་ནག་ཅིག་ཏུ་འགྱུར་ངེས་རེད་ལ། འདི་ནི་རྒྱ་ནག་དམར་ཤོག་ཚོགས་པས་འདོད་མོས་གཞིར་བཟུང་གྲུབ་པ་རེད།’’ཅེས་བཀོད་འདུག
རེས་གཟའ་སྤེན་པའི་དགོང་དྲོར་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ཀྱིས་བཏང་པའི་གསལ་བསྒྲགས་དང་ཀེ་རི་ལེཀ་ (Kari Lake) ཀྱིས་ X དྲྭ་རྒྱའི་ཐོག་སྤེལ་བའི་ནང་། ལས་ཁུངས་དེས་རང་ཉིད་ཀྱིས་བདེ་འཇགས་ཀྱི་གནད་དོན་འགལ་འཛོལ་བྱས་པ་དང་རང་དོན་བྱེད་པའི་གནས་ཚུལ་བཅས་ཀྱི་ཉེས་གསོག་མང་པོ་ཞིག་ལ་བརྟེན་ནས་ "སྐྱོབ་ཐབས་མེད་པ་"ཞིག་ཏུ་གྱུར་ཡོད་པ་བརྗོད་ཀྱང་། དེའི་རྒྱབ་བརྟེན་གྱི་ཞིབ་ཕྲའི་གནས་ཚུལ་ཉུང་ཤས་ལས་མཁོ་སྤྲོད་བྱས་མེད་པ་རེད།
གསལ་བསྒྲགས་དེའི་ནང་། "འགོ་ནས་མཇུག་བར་ལས་ཁུངས་འདི་ནི་ཨ་རིའི་ཁྲལ་འཇལ་མི་སེར་ལ་རུལ་སུངས་དང་ཁུར་པོ་ཆེན་པོ་ཞིག་ཡིན་པ་མ་ཟད། འདི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡིན་ལ། སླར་གསོ་བྱེད་ཐབས་མེད་པའི་འཇིགས་པ་ཞིག་ཡིན་ཞེས་དང་། ལས་ཁུངས་འདིའི་ནང་རྣམ་དཔྱོད་ཅན་དང་སྤྱི་པའི་ཞབས་ཞུ་བ་ཧུར་ཐག་གནང་མཁན་ཡོད་ཀྱང་། འདི་ནི་ཁྲིམས་གཞི་ལས་སྤྲོས་པའི་དམིགས་བསལ་བ་ཞིག་ཡིན།" ཞེས་བཀོད་འདུག །