དྲ་ཐོག་གི་ཐེ་ཝན་དང་ཧོང་ཀོང་གི་མིང་རྒྱ་ནག་གི་མངའ་ཁོངས་སུ་བརྗེ་པོ་བརྒྱབ་འདུག
རྒྱ་ནག་གིས་ཤུགས་ཆེའི་ངོ་རྒོལ་བྱས་པར་བརྟེན་ཕྱིའི་ཁེ་ལས་ཁང་ཁག་ཅིག་གི་དྲ་ཐོག་གི་ཐེ་ཝན་དང་ཧོང་ཀོང་གི་མིང་རྒྱ་ནག་གི་མངའ་ཁོངས་སུ་བརྗེ་པོ་བརྒྱབ་འདུག
-
2018-01-16 -
-
-
རྒྱ་ནག་གིས་ཤུགས་ཆེའི་ངོ་རྒོལ་འོག་ཨོ་སི་ཁྲོ་ལི་ཡའི་(Qantas)་ཞེས་པའི་མཁའ་འགྲུལ་ཚོང་དོན་ལས་ཁང་གིས་རང་ཉིད་ཀྱི་དྲ་རྒྱའི་ཐོག་ཐེ་ཝན་དང་ཧོང་ཀོང་རྒྱལ་ཁབ་ཀྱི་གྲས་སུ་བཞག་ཡོད་པ་ནས་རྒྱ་ནག་གི་མངའ་ཁོངས་སུ་བརྗེ་པོ་རྒྱབ་ཡོད་འདུག
དེ་ཡང་གཟའ་མིག་དམར་ཉིན་(Qantas)་ཞེས་པའི་ཨོ་སི་ཁྲོ་ལི་ཡའི་མཁའ་འགྲུལ་ཚོང་དོན་ལས་ཁང་གིས་མགྲིན་ཚབ་པས། མཁའ་འགྲུལ་ལས་ཁང་གིས་ལས་དོན་ཁག་ཅིག་ལ་སྣང་ཆུང་ཤོར་ནས་རྒྱ་ནག་གི་མངའ་ཁུལ་ཡིན་པའི་ས་ཁུལ་ཁག་ཅིག་ཚོང་དོན་ཁང་དེའི་དྲ་རྒྱའི་ཐོག་རྒྱལ་ཁབ་ཀྱི་ཁོངས་སུ་བཞག་པའི་ནོར་འཁྲུལ་བྱུང་ཡོད་པ་དང་། ད་ལྟའི་ཆར་ང་ཚོས་ནོར་འཁྲུལ་ཡོ་སྲང་བྱེད་བཞིན་པ་ཡིན་ཞེས་ཕ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག
རྒྱ་ནག་ཧྲང་ཧེ་དྲ་རྒྱ་དོ་དམ་ལས་ཁང་གིས་གཟའ་འཁོར་སྔོན་མ་ཨ་རིའི་གསོལ་མགྲོན་ཚོང་དོན་ལས་ཁང་(Marriott)་དང་ཌེལ་ཊ་མཁའ་འགྲུལ་ཚོང་དོན་ཁང་(Zara)་གྱོན་ཆས་ཚོང་ཁང་སོགས་ཀྱིས་ཚོང་དོན་ལས་ཁང་གི་དྲ་རྒྱའི་ཐོག་བོད་དང་ཐེ་ཝན། ཧོང་ཀོང་། མའི་ཁོའོ་སོགས་རྒྱལ་ཁབ་ཀྱི་གྲས་སུ་བཞག་པའི་གནད་དོན་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱས་ནས་ཚོང་དོན་ཁང་དེ་དག་གིས་རྒྱ་ནག་ལ་དགོངས་སེལ་ཞུ་དགོས་པ་ཆགས་པ་དང་། ཨ་རིའི་ཌེལ་ཊམཁའ་འགྲུལ་ལས་ཁང་དང་། (Marriott)་གསོལ་འགྲོན་ཁང་སོ་སོས་གསལ་བསྒྲགས་ཤིག་སྤེལ་ནས་བོད་དང་ཐེ་ཝན། ཧོང་ཀོང་རྒྱལ་ཁབ་ཀྱི་གྲས་སུ་བཞག་པ་ནི་ནོར་འཁྲུལ་བྱུང་བ་ཞིག་ཡིན་པའི་ངོས་ལེན་བྱས་ནས་དགོངས་སེལ་ཞུ་དགོས་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་ཁང་ཁག་ཅིག་གིས་དྲ་རྒྱའི་ཐོག་བོད་དང་ཐེ་ཝན་རྒྱལ་ཁབ་ཀྱི་གྲས་སུ་བཞག་པའི་གནས་སྟངས་ཐོག་ངོ་རྒོལ་དང་། དེའི་ཐོག་རྒྱ་ནག་ལ་དགོངས་སེལ་ཞུ་དགོས་ཆགས་པའི་གནས་ཚུལ་བྱུང་ཁུངས་ཐོག་མར་ཨ་རིའི་ནང་རྟེན་གཞི་བྱས་པའི་ (Marriott)་གསོལ་མགྲོན་ཁང་གིས་ཉེ་ལམ་རྒྱལ་སྤྱིའི་ཐོག་མགྲོན་པོ་ཚོར་དྲྭ་རྒྱ་བརྒྱུད་བརྟག་དཔྱད་འདྲི་ཞིབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། བརྟག་དཔྱད་འདྲི་ཞིབ་ཁྲོད། ཁྱེད་རང་ད་ལྟ་རྒྱལ་ཁབ་གང་ན་བཞུགས་ཡོད་དམ་ཞེས་པའི་དྲི་བའི་གདམ་ཀའི་རྣམ་གྲངས་སུ། བོད། ཐེ་ཝན། ཧོང་ཀོང་། མཱ་ཁའོ་བཅས་ཡོད་པ་རྒྱ་མི་རིགས་ཤིག་གིས་ཤེས་རྟོགས་བྱུང་འཕྲལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་ཡོད་སྟབས་རྒྱ་ནག་ནང་ནས་(Marriott)་གསོལ་མགྲོན་ཁང་ནང་སྡོད་མཁན་གྱི་རྒྱ་མི་རིགས་ཚོས་གསོལ་མགྲོན་ཁང་དེར་སྡོད་རྒྱུའི་ཁང་མིག་སྔོན་ཚུད་ནས་མངགས་པ་རྣམས་ཕྱིར་བསློག་བྱེད་པའི་གནས་སྟངས་འོག་(Marriott)་གསོལ་མགྲོན་ཁང་གིས་གདམ་ཀའི་རྣམ་གྲངས་བཟོ་བཅོས་བྱས་ནས་གཟའ་འཁོར་སྔོན་མའི་རེས་གཟའ་མིག་དམར་ཉིན་དགོངས་སེལ་ཞུས་ཡོད་པ་མ་ཟད། རེས་གཟའ་ལྷག་པར་གསལ་བསྒྲགས་ཤིག་སྤེལ་ནས(Marriott)་གསོལ་མགྲོན་ཁང་གིས་རྒྱ་ནག་གི་བདག་དབང་ལ་གུས་བརྩི་ཞུ་བཞིན་ཡོད་ལ། དེ་དང་དེ་ལྟ་བུའི་ནོར་འཁྲུལ་རིགས་རྗེས་སུ་མི་འབྱུང་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།
གསར་འགོད་པ་འཆི་མེད།