ཐའེ་ལྦན་དུ་རྒྱ་ནག་གི་རྒྱལ་དར་མེར་བསྲེག་གིས་ངོ་རྒོལ།

ཐའེ་ལྦན་དང་རྒྱ་ནག་གཉིས་དབར་མཉམ་འབྲེལ་གྱི་ལས་གཞི་འགོ་འཛུགས་བྱ་རྒྱུའི་མཐུན་གྲོས་ཐོག་མིང་རྟགས་བཀོད་འདུག།

༄༅༎ཐའེ་ལྦན་ནང་རྒྱ་ནག་གི་རྒྱལ་དར་མེར་བསྲེག་བཏང་ནས་སྐམ་ས་ཆེན་མོར་ངོ་རྒོལ་སྐད་འབོད་བྱེད་མཁན་ཚོ་ཉེན་རྟོག་པས་ལྕགས་སྐུད་གཟེར་མ་ར་མགོས་བཀག་པའི་འོག་དེ་རིང་ཐའེ་ལྦན་དང་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ཚོས་ཕྱོགས་གཉིས་དབར་མཉམ་འབྲེལ་གྱི་ལས་གཞི་འགོ་འཛུགས་བྱ་རྒྱུའི་མཐུན་གྲོས་ཐོག་མིང་རྟགས་བཀོད་འདུག།

རྒྱ་ནག་གིས་ཐའེ་ལྦན་མཉམ་འབྲེལ་མོལ་བྱེད་མཁན་གཙོ་བོ་གྲེན་ཡུན་ལིན་དང་ཐའེ་ལྦན་གྱི་སྐུ་ཚབ་ཅིའང་ཕིན་ཀུང་གཉིས་དབར་གྲོས་མོལ་གནང་བ་དེར་རྒྱ་ནག་དང་འབྲེལ་བ་བཟང་དུ་གཏོང་རྒྱུར་དགག་པ་བྱེད་མཁན་ཐའེ་ལྦན་མང་ཚོགས་ཀྱིས་ཁོང་ཁྲོ་ཆེན་པོས་ངོ་རྒོལ་བྱས་བཞག།

ཕྱོགས་གཉིས་དབར་སླད་ཕྱིན་བཟོ་གྲྭའི་ཐོན་སྐྱེད་ཚད་གཞི་གོང་མཐོར་གཏོང་རྒྱུ་དང༌། ཉ་འཛིན་ལས་དོན། དེ་བཞིན་བཟས་རིགས་འདྲ་མིན་ཐོག་བཏང་འཛིན་བྱ་ཕྱོགས་བཅས་ཀྱི་མཐུན་གྲོས་ཐོག་མིང་རྟགས་བཀོད་ནས་རྒྱ་ནག་སྐམ་ས་ཆེན་མོ་དང་ཧ་ཅང་ཉེ་པོ་གནང་མཁན་སྲིད་འཛིན་མཱ་ཡིང་ཇུས་རྒྱ་ནག་དང་ཐའེ་ལྦན་དབར་མཉམ་འབྲེལ་གནང་རྒྱུའི་མཐུན་གྲོས་ད་བར་བཞག་གནང་བའི་གྲངས་ཚད་བཅུ་གཉིས་བར་སླེབས་ཡོད་པ་རེད། རྒྱ་ནག་གི་སྐུ་ཚབ་གྲེན་ཡུན་ལིན་གྱིས་ང་ཚོས་ལོ་བཅུ་ཉི་ཤུ་འམ་དྲུག་བཅུའི་ནང་བྱེད་མི་ཐུབ་པའི་ལས་དོན་མང་པོ་ཞིག་འདས་པའི་ལོ་གཅིག་ནང་གྲུབ་ཐུབ་པ་བྱུང་ཡོག་རེད་ཅེས་ ཐའེ་ལྦན་གྱི་གྲོང་ཁྱེར་ཐའེ་ཅུང་ནང་གཏམ་བཤད་བྱེད་སྐབས་འགྲེལ་བརྗོད་བྱས་འདུག། གོང་ཞུས་ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་མོའི་དབར་གྲོས་མོལ་བྱེད་སའི་མགྲོན་ཁང་གི་ཕྱི་ལ་ངོ་རྒོལ་བྱེད་མཁན་ཐའེ་ལྦན་མི་དམངས་ཁག་ཅིག་གིས་ཕྱོགས་གཉིས་དབར་ཚོང་དོན་གྱི་མཐུན་གྲོས་བཞག་པ་དེས་ཐའེ་ལྦན་རྒྱ་ནག་དང་ཉེ་རུ་གཏོང་ཐབས་བྱ་རྒྱུ་ལས། ཐའེ་ལྦན་རང་ལ་ཁེ་ཕན་གང་ཡང་མེད་པའི་སྐྱོན་བརྗོད་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org