ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་གནང་བ།

ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་མཇལ་མོལ་གནང་འཆར་ཡོད་པ་དང་བསྟུན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས་བོད་མི་ཕོན་ཆེ་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་སོང་།

པ་སངས་དོན་ལྡན/RFA

ཕྱི་ཟླ་༡༡ཚེས་༡༡ཉིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་འབྲེལ་གྱིས་གོ་སྒྲིག་འོག་བོད་མི་བརྒྱ་ལྷག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་རེད། ལས་འགུལ་བ་ཚོས་ཨ་རིའི་སྲིད་འཛིན་Joe Biden མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལྷན་དུ་(APEC)ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཀྱི་ཞོར་མཇལ་འཕྲད་བཀའ་མོལ་གནང་སྐབས། བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་།
རིང་མིན་ཨ་རིའི་གྲོང་ཁྱེར་(San Francisco)ནང་འཚོག་རྒྱུའི་ (APEC) ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཀྱི་ཞོར་དུ་ཨ་རིའི་སྲིད་འཛིན་Joe Bidenདང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་འཕྲད་མོལ་གནང་རྒྱུ་ཡིན་པ་དང་། སྲིད་འཛིན Joe Biden གྱིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་རྗེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་སྔ་ལོ་Indonesia ཡི་Bali ས་གནས་སུ་ཐེངས་གཅིག་མཇལ་འཕྲད་གནང་ཡོད་པ་རེད།


ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི་ཨ་རིའི་སྲིད་འཛིན་Joe Bidenགྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་བརྒལ་བ་ཕ་མ་དང་ཁ་བྲལ་བཏང་ནས་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བཅུག་པ་དང་མཉམ་རྒྱ་བསྒྱུར་སློབ་གསོ་སྤེལ་ནས་བོད་མི་རིགས་རྩ་མེད་བཟོ་བཞིན་པའི་ཛ་དྲག་གི་གནད་དོན་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པ་སོགས་རེད་འདུག


ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བོད་མི་མི་རབས་རྒན་གཞོན་བར་གསུམ་ཚང་མ་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་བ་དེའི་རྒྱ་ནག་གཞུང་ལ་བོད་ཀྱི་བདེན་མཐའ་སེལ་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཡོད་པ་སྐབས་དེར་གཏམ་བཤད་གནང་སྐབས་གསུངས་གནང་སོང་།
དེ་ཡང་ཞི་ཅིན་ཕིང་ལ་ངོ་རྒོལ་དང་འབྲེལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་ནས་ཕྱི་ཚེས་༡༠ ཉིན་APEC ཚོགས་འདུ་ཚོགས་ཡུལ་ཨ་རིའི་གྲོང་ཁྱེར་(San Francisco)་ནང་གི་Moscone ལྟེ་གནས་ཁང་སྟེང་དུ་བོད་ལ་རང་དབང་དགོས། ཞི་ཅིན་ཕིང་སྲིད་དབང་སྒེར་འཛིན་པ་རེད་ཅེས་བྲིས་པའི་འཕྲེད་དར་ཆེན་པོ་ཞིག་ཕྱར་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་འདུག།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org