བོད་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས། ཉམས་ཞིབ་པས་བརྗོད་སོང་།

བོད་ནང་གི་གནས་ཚུལ་ཕྱི་ལ་མཁོ་གཏོང་བྱེད་མཁན་ཚོར་རྣམ་པ་ཅི་རིགས་ཀྱི་སྒོ་ནས་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཡོད་པ།

རྒྱ་ནག་གི་དམག་མི་ལྷ་སའི་པོ་ཏ་ལའི་མདུན་དུ་འགྲོ་བཞིན་པ། ༢༠༠༨།༠༦།༢༠། Reuters

* གནས་ཚུལ་ཁ་སྣོན། ལོ་ལྟར་ཕྱི་ཟླ་༥ཚེས་༣ཉིན་ནི་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ་ཡིན་པ་ལྟར། འཛམ་གླིང་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞིའི་ནང་དུ་གསར་འགྱུར་བརྒྱུད་ལམ་ནི། མང་གཙོའི་ཀ་བ་བཞི་པར་ངོས་འཛིན་གྱིས་གལ་གནད་ཆེན་པོར་བརྩི་ཡི་ཡོད་ན་ཡང་། བོད་ནང་དུ་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་འོག་གསར་འགོད་རང་དབང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་ལ་དམ་དྲག་ཤུགས་ཆེར་བྱས་ཏེ། བོད་ནང་གི་གནས་ཚུལ་ཕྱི་ལ་མཁོ་གཏོང་བྱེད་མཁན་ཚོར་རྣམ་པ་ཅི་རིགས་ཀྱི་སྒོ་ནས་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཡོད་པས། བོད་ནང་གི་གནས་ཚུལ་ཕྱི་ལ་མཁོ་གཏོང་གི་བརྒྱུད་ལམ་ཧ་ཅང་ཉམས་ཞེན་དུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་དྲ་རྒྱའི་ཁྲིམས་དང་རྒྱལ་ཁབ་ཀྱི་གསང་རྒྱའི་ཁྲིམས་ཟེར་བ་ཁག་ལག་བསྟར་གྱིས། བོད་ནང་གི་བོད་མི་ཚོས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་རྐྱེན་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་ཁ་གཡར་ནས་འཛིན་བཟུང་བཅར་བརྡུང་དང་བཙོན་འཇུག་སོགས་བྱས་རྐྱེན། འདས་པའི་ལོ་ཤས་ནས་བཟུང་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནས་ཚུལ་ཁག་ཕྱི་ཕྱོགས་སུ་མཁོ་གཏོང་རིགས་ཧ་ཅང་ཉུང་རུ་ཕྱིན་ཡོད་པ་རེད་ལ། བོད་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་གང་ཞིག་ལ། ཕྱི་ཕྱོགས་ཀྱི་བོད་མི་ཚོས་བོད་ནང་གི་བོད་མི་ཚོའི་བློས་གཏོང་གི་གནས་ཚུལ་ཤེས་རྟོགས་ཡོད་པ་ཁག་སྦས་གསང་བྱེད་བཞིན་པ་དེས། རྒྱ་ནག་གཞུང་ལ་ལག་རོགས་ལྟ་བུ་ཆགས་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་གོ་སྐབས་དེ་བཟུང་ནས་བོད་མི་ཚོར་མངོན་ལྐོག་གཉིས་ནས་དྲག་གནོན་བྱེད་གཞིར་གྱུར་ཡོད་པས། བོད་ནང་གི་བོད་མི་ཚོའི་བློས་གཏོང་གི་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་སྤེལ་དགོས་གལ་ཆེན་པོ་ཡིན་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་དེ་རིང་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་བསྟུན། བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་ནང་གི་གསར་འགོད་རང་དབང་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་གནས་ཚུལ་ཤེས་རྟོགས་ཀྱི་ཐོབ་ཐང་སོགས་ལ་རྡོག་རོལ་བཏང་ནས། བོད་ཡིག་གི་དྲྭ་ཚིགས་ཆེ་ཁག་མང་པོ་སྒོ་བརྒྱབས་པ་དང་། བོད་ཀྱི་སྐད་ཡིག་དང་རྩོམ་རིག་སོགས་ཀྱི་ཐད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་ཤེས་ལྡན་མི་སྣ་མང་པོ་འཇུ་བཟུང་བཙོན་འཇུག་ཐེབས་བཞིན་ཡོད་སྐོར་བཀོད་འདུག་ལ། གཞན་ཡང་ཕྱི་ལོ་ ༢༠༢༣ ལོའི་ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནང་གི་རང་དབང་གནས་སྟངས་དེ་འཛམ་གླིང་གི་ཨང་རིམ་མཐའ་མར་གྱུར་ཡོད་པ་བཀོད་ཡོད་པ་རེད་ལ། དེ་བཞིན་སྔར་ལོ་རྒྱ་ནག་ནང་གནས་སྡོད་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ལོ་དེར་བོད་ནང་གསར་འགོད་པ་གཅིག་མ་གཏོགས་གཏོང་བཅུག་མེད་པའི་གནས་ཚུལ་སྤེལ་ཡོད་པ་རེད་ལ། དེ་རིང་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན་བཙན་བྱོལ་ནང་གི་བོད་ཀྱི་གསར་འགོད་པའི་ཐུན་ཚོགས་ནས་ཀྱང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩིའི་འདུ་འཛོམས་ཞིག་གནང་སོང་།
འདི་ལོའི་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་ཐེངས་ ༣༡ པའི་བརྗོད་གཞི་གཙོ་བོ་ནི་སའི་གོ་ལའི་ཆེད་དུ་གསར་འགྱུར་དང་། ཁོར་ཡུག་ཉམས་ཉེས་ཁ་གཏད་ཀྱི་གསར་འགོད་ལས་རིགས་ཞེས་པ་དེ་ཡིན་པ་དང་། འདི་ལོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གནས་ཚུལ་ཁྱབ་སྤེལ་སོགས་ཀྱི་གནས་སྟངས་ཐད་རྒྱུས་ལོན་བྱས་པའི་ཁྲོད། རྒྱ་ནག་གཞུང་གིས་བོད་ནང་དུ་ཆུ་མཛོད་ཤུགས་ཆེར་གསར་སྐྲུན་དང་། ཕྱི་ཟླ་ ༢ ནས་མགོ་ཚུགས་ཏེ་བོད་ནང་གི་སྡེ་དགེ་དབོན་པོ་སྟོད་ཁུལ་དུ་མི་མང་གི་འདོད་མོས་ཡོད་མིན་ལ་མ་ལྟོས་པར་ཡུལ་མི་གནས་སྤོར་དང་། འཛིན་བཟུང་བཅར་བརྡུང་དང་བཀག་སྐྱིལ་སོགས་ཀྱི་གནས་སྟངས་བསྟུན་མར་བྱུང་ཡོད་པ་ཟད། མགོ་ལོག་རྭ་རྒྱ་མར་སྟེང་དུ་རྨ་ཆུར་ཆུ་མཛོད་གསར་རྒྱག་གིས་རྨ་ཆུའི་བཞུར་རྒྱུན་ཇེ་ཞན་དུ་ཕྱིན་པ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་དང་མང་ར་རྫོང་གཉིས་ཀྱི་བར་མཚམས་སུ་བཞུར་བཞིན་པའི་རྨ་ཆུ་གཙང་བོར་གློག་འདོན་ས་ཚིགས་རྒྱག་རྒྱུའི་འཆར་གཞིའི་འོག་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་པའི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་དང་། ཕྱི་ཟླ་ ༤ ནང་སྨར་ཁམས་རྫོང་ཀླུ་ར་ཕུར་པ་གྲོང་བརྡལ་རུ་བ་རྟག་ཚ་ཁུལ་དུ། རྒྱ་ནག་གཞུང་གིས་ས་གནས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། བོད་མི་ཚོས་ཞུ་འབོད་སྐབས་བོད་མི་ ༤ རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།
དེ་འབྲེལ་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་(CECC)་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་འཛམ་གླིང་རྒྱལ་ཁབ་གཞན་དང་བསྡུར་ན་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དང་འཁྱོག་བརྗོད་དྲིལ་བསྒྲགས་ཀྱི་གནས་ཚུལ་ཤུགས་ཆེ་ཤོས་སྤེལ་མཁན་ཞིག་ཡིན་པ་བརྗོད་འདུག་ལ། འདས་བའི་ལོའི་ནང་རྒྱ་ནག་ནང་དུ་གསར་འགྱུར་དང་གནས་ཚུལ་འགྲོ་རྒྱུགས་ལ་བཀག་སྡོམ་དང་སྨྲ་བརྗོད་རང་དབང་ལ་དོ་དམ་ཆེ་རུ་བཏང་ཡོད་པ་ཐེར་འདོན་གནང་འདུག


གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org