རྒྱ་ནག་ནང་གསར་འགོད་རང་དབང་།

གསར་ཤོག་དང་གསར་འགོད་པའི་ཐོག གཞུང་གིས་ཐེ་ཇུས་དང་བཏང་འཛིན་ལྷོད་ཡངས་གཏོང་རྒྱུའི་ཁས་ལེན་བྱས་ཏེ། བདུན་རེའི་ལྷོ་ཕྱོགས་ཟེར་བའི་གསར་ཤོག་དང་འབྲེལ་བའི་རྕོད་རྙོག་འགྲིགས་འཇགས་བྱུང་འདུག

༄༅།    །རྒྱ་ནག་གི་Guangzhou ཞིང་ཆེན་ནང་ Southern Weekly འམ་བདུན་རེའི་ལྷོ་ཕྱོགས་ཟེར་བའི་གསར་ཤོག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་༥༠ལྷག་གིས་ས་གནས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་སྡེ་ཚན་གྱི་འགན་འཛིན་ནས་ཉེ་ལམ་གསར་ཤོག་དེའི་རྩོམ་བྲིས་པའི་ཆེད་བརྗོད་ལ་བཅད་གཏུབ་བསྒྱུར་བཅོས་བཏང་སྟེ། གསར་ལས་ཁང་གི་སྨྲ་བརྗོད་རང་དབང་ལ་ཐེ་ཇུས་བྱས་པའི་གནད་དོན་རྐྱེན་པས། ངོ་རྒོལ་གྱི་རྩོད་རྙོག་ཆེན་པོ་བྱུང་བཞིན་པའི་སྐབས། ཁ་སང་ས་གནས་གཞུང་གིས།    གསར་ཤོག་དང་གསར་འགོད་པའི་ཐོག་གཞུང་གིས་ཐེ་ཇུས་དང་བཏང་འཛིན་ལྷོད་ཡངས་གཏོང་རྒྱུའི་ཁས་ལེན་བྱས་ཏེ། རྕོད་རྙོག་འགྲིགས་འཇགས་བྱུང་འདུག་པས་མ་ཟད། རྒྱ་ནག་ནང་གསར་འགོད་རང་དབང་ཐོག་བཟང་ཕྱོགས་ཀྱི་རྒྱལ་ཁ་ལྟ་བུར་ཐོབ་འདུག
གནས་ཚུལ་དེའི་འབྱུང་རྐྱེན་ནི།  ཟླ་འདིའི་ཕྱི་ཚེས་ ༢ ཉིན་ Southern Weekly འམ་ ལྷོ་ཕྱོགས་བདུན་རེའི་གསར་ཤོག་གི་ཕྱི་ལོ་གསར་ཚེས་ཀྱི་རྩོམ་བྲིས་པའི་གླེང་བརྗོད་ལ་ཞིང་ཆེན་གྱི་དྲིལ་བསྒྲགས་སྡེ་ཚན་གྱི་འགན་འཛིན་ཐའོ་ཀྲིན་གྱིས་རང་འདོད་ལྟར་བཅད་གཏུབ་དང་། གུང་ཁྲན་ཏང་ལ་བསྔགས་བརྗོད་མཚོན་པའི་གླེང་བརྗོད་ནང་དོན་དུ་སྒྱུར་བཅོས་བཏང་ཡོད་པ་རེད།  གནད་དོན་དེས་རྐྱེན་པས་གསར་ལས་ཁང་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ ༥༠ ལྷག་གིས་མཚན་རྟགས་བཀོད་དེ། ཞིང་ཆེན་གྱི་དྲིལ་བསྒྲགས་འགན་འཛིན་ལས་གནས་ནས་འཕོ་འགྱུར་གཏོང་དགོས་པ་དང་། རྩོམ་བྲིས་པའི་སྨྲ་བརྗོད་རང་དབང་ལ་ཐེ་ཇུས་བྱས་པར་དགོངས་སེལ་ཞུ་དགོས་པ་སོགས་དགོས་འདུན་དོན་ཚན་གསུམ་ཅན་གྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་ངོ་རྒོལ་བསྟུད་མར་བྱས་ཡོད་པས་མ་ཟད། དེ་ནི། འདས་པའི་ལོ་ ༣༠ ཙམ་གྱི་རིང་གསར་འགོད་སྡེ་ཁག་གི་མི་སྣས་མཉམ་འབྲེལ་ཐོག་ངོ་རྒོལ་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད།།





2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org