གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ།

ཟླ་བ་འདིའི་ཚེས་༨དང་༩བཅས་སུ་བོད་མི་གསུམ་ནས་རང་སྲེག་གནང་བའི་གནས་ཚུལ་བྱུང་བས་དབུས། བོད་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་ཚོར་དམིགས་ནས་དེ་རིང་གཞུང་འབྲེལ་མཆོད་འབུལ་གནང་འདུག

༄༅།    །བོད་མིའི་སྒྲིག་འཛུགས་བཀག་ཤག་གི་བཀའ་འབྲེལ་འོག    ཕྱི་ཟླ་༡༢ཚེས་༡༤ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག  ད་རེས་ཕྱི་ཟླ་༡༢ཚེས་༨ཉིན་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྡོང་འབྲིང་བའི་སུམ་མདོ་དགོན་གྱི་དགེ་འདུན་དཀོན་མཆོག་འཕེལ་རྒྱས་ལགས་དང་།  མདོ་སྨད་ཀླུ་ཆུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་བའི་པདྨ་རྡོ་རྗེ་ལགས།  དེ་བཞིན་ཕྱི་ཚེས་༩ཉིན་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བུ་མོ་བན་ཆེན་སྐྱིད་ལགས་བཅས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུང་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་བཞིན། ཁོང་གསུམ་གྱི་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས་རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་གཏོང་གནང་མཁན་གྱི་གཞིས་བཞུགས་ཕོ་མོ་འདས་སོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཆེད་མྱ་ངན་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་ཚུགས་གནང་ཡོད་འདུག   ཉིན་དེའི་ཕྱེད་ཡོལ་ཚོུད་༤ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་དགོན་དུ་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གི་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།  བོད་མི་མང་སྤྱི་འཐུས་རྒྱུས་ལས་རྣམ་པ།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ།  གཞན་ཡང་དགེ་བཙུན་སྔགས་གསུམ་དང་  མི་མང་། སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་འདུག  །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org