༢༠༠༩ལོའི་ནང་རྒྱ་ནག་ཏུ་ངོ་རྒོལ་ཟིང་ཆ་མང་དུ་འགྲོ་ཉེན།

རྒྱ་ནག་ནང་ལས་མེད་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་པར་བརྟེན་ནས་ངོ་རྒོལ་གྱི་ཟིང་ཆའི་གནས་སྟངས་མང་དུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ།

༄༅༎དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཞིག་གི་ཐོག་ལ་དེང་སྐབས་རྒྱ་ནག་ནང་ལས་མེད་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་པར་བརྟེན་ནས་ཕྱི་ལོ་༢༠༠༩ལོའི་ནང་ངོ་རྒོལ་གྱི་ཟིང་ཆའི་གནས་སྟངས་མང་དུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་འགྱུར་ལས་ཁང་གིས་སྤེལ་བའི་གཟའ་འཁོར་འདིའི་ལིའོ་ལྦང་ཞེས་པའི་དུས་དེབ་ཐོག་ལ་དུས་རྒྱུན་དང་མི་འདྲ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་རྒྱ་ནག་གི་དཔལ་འབྱོར་དཀའ་ཚེགས་ཅན་དུ་གྱུར་བའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེ་ཡིས་རྒྱ་ནག་གི་གྲོང་གསེབ་ས་ཁུལ་ཁག་ནས་གྱོང་ཁྱེར་ནང་འཕྲལ་སེལ་ལས་ཀ་བྱེད་མཁན་གྱི་ལས་བཟོ་བ་ས་ཡ་མང་པོ་ལས་མེད་དུ་གྱུར་བའི་ཁོང་ཁྲོའི་རྣམ་པ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད་རྒྱ་ནག་རྒྱལ་ཡོངས་སུ་ཚན་པ་མང་པོ་ཞིག་ལས་མེད་དུ་འགྱུར་རྒྱུ་ཡིན་པ་བཤད་ཡོད་པ་རེད། ཤིང་ཧྭ་གསར་ཤོག་ལས་ཁང་གི་མཐོ་རིམ་གསར་འགོད་པ་ཧོང་ཧུའོ་ཟེར་བས་དུས་དེབ་དེའི་གསར་འགོད་པར་ད་ལྟ་ང་ཚོ་རྒྱ་ནག་ཕྱོགས་ནས་ཚབས་ཆེའི་དོན་རྐྱེན་ལ་གདོང་ལེན་བྱེད་པའི་གཉན་འཕྲང་ཅན་གྱི་དུས་སྐབས་འགོ་ཚུགས་བཞིན་ཡོད་པ་དང་དེ་ཡང་ཕྱི་ལོ་༢༠༠༩ནང་རྒྱ་ནག་གི་སྤྱི་ཚོགས་ནང་དུ་དེ་སྔ་ལས་འཁྲུག་རྩོད་དང་དྲག་པོའི་གདོང་ཐུག་གི་དོན་རྐྱེན་མང་དུ་འགྲོ་སྲིད་པ་ཡིན་ཞིང་གནས་སྟངས་དེ་ནི་གུང་ཁྲན་ཏང་དང་སྲིད་གཞུང་སོགས་རིམ་པ་ཁག་ཡོངས་ཀྱིས་གདོང་ལེན་བྱ་དགོས་པའི་གནས་སྟངས་ཤིག་ཡོང་རྒྱུ་ཡིན་པ་བཤད་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་གི་སྤྱི་ཚོགས་འཆམ་མཐུན་བཟོ་རྒྱུའི་ཁས་ལེན་བྱེད་བཞིན་ཡོད་པ་དང་ཡིན་ནའང་དེང་སྐབས་སྤྱི་ཚོགས་ནང་ལས་ཀ་ཉུང་དུ་ཕྱིན་ཏེ་ལས་མེད་མང་དུ་འགྲོ་བའི་གནས་སྟངས་དང་མི་དམངས་ཀྱི་དཔལ་འབྱོར་གྱི་ཡོང་འབབ་ཉུང་དུ་འགྲོ་བ།ལྷག་པར་དུ་རྒྱ་ནག་ནང་དུས་ཡུན་རིང་པོ་ནས་ནད་ཡམས་ལྟ་བུར་གྱུར་ཟིན་པའི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དང་མི་དམངས་ཀྱི་ས་ཞིང་གཞུང་གིས་བཙན་འཕྲོག་བྱེད་པའི་བྱ་སྤྱོད་ཀྱི་ཐོག་ནས་རྒྱ་ནག་སྤྱི་ཚོགས་ཀྱི་གནས་སྟངས་ཛ་དྲག་ཅན་ཏུ་འགྱུར་བཞིན་པའི་གནས་སྟངས་དེ་དག་གི་ཐོག་ནས་ཁོང་གིས་བཤད་པའི་སྤྱི་ཚོགས་འཆམ་མཐུན་བཟོ་རྒྱུའི་ཁས་ལེན་ཟེར་བ་ནི་ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་ནང་གི་རྙོག་འཛིངས་ཆེ་བའི་དཀའ་ངལ་དེ་དག་ཐོག་ཁ་གཏད་གདོང་ལེན་བྱ་རྒྱུའི་ཚོད་ལྟའི་རང་བཞིན་ཅན་ཏུ་གྱུར་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org