རང་ལུས་མེར་བསྲེགས་བཏང་མཁན་གླུ་པ་ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་ཕེབས་པར་དྲ་ཐོག་མྱ་ངན་ཞུ་མཁན་མང་པོ་འབྱུང་བཞིན་འདུག

ལོ་ངོ་ ༢༥ ཡིན་པའི་གླུ་པ་ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་ཕེབས་པར་མྱ་ངན་ཞུ་མཁན་མང་པོ་འབྱུང་བཞིན་འདུག

གླུ་པ་ཚེ་དབང་ནོར་བུ་ལགས། ཚེ་དབང་ནོར་བུའི་ཝེ་པོ་སྤྱི་ཚོགས་དྲ་ཚིགས།

གནས་ཚུལ་འདིའི་ཐད་བོད་ནང་བརྒྱུད་མངའ་ཆེན་པོ་ཡོད་མཁན་གྱི་མི་སྣ་ཁག་དང་འབྲེལ་བ་དམ་ཟབ་ཡོད་མཁན་བཙན་བྱོལ་དུ་གནས་བཞུགས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར་གཞིགས་ན།  ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་པར་མ་ཟད། ཁོང་འདས་གྲོངས་སུ་གྱུར་ཟིན་ཡོད་འདུག  འོན་ཀྱང་ཁོང་འདས་གྲོངས་གྱུར་བའི་ཚེས་གྲངས་དང་སྨན་ཁང་གང་དུ་འདས་གྲོངས་སུ་གྱུར་བ་སོགས་ཀྱི་གནས་ཚུལ་ཁ་གསལ་ལག་ཐོབ་བྱུང་མེད་པ་རེད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་རང་ངོས་ནས་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱི་ནང་མི་སྤུན་མཆེད་དང་། ཡང་ལྷ་སའི་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་ལ་སོགས་པ་ནས་ཐད་ཀར་གནས་ཚུལ་མཁོ་སྒྲུབ་བྱུང་མེད་པ་དགོངས་འཇགས་ཞུ།
རང་ལུས་མེར་བསྲེགས་བཏང་ནས་རྐྱེན་འདས་སུ་འགྱུར་བ་ཚེ་དབང་ནོར་བུ་ལགས་ནི། བོད་ནག་ཆུ་ཁུལ་དུ་ ༡༩༩༦ ཕྱི་ཟླ་ ༡༠ ཚེས་ ༩ ཉིན་སྐྱེས་ཤིང་།  ལོ་ ༢༥ ལ་སོན་པའི་དེང་དུས་ཀྱི་གླུ་གཞས་སྒྱུ་རྩལ་བ་ཁོང་ནི། བོད་ཙམ་མ་ཟད།  རྒྱ་ནག་སྐམ་སའི་ནང་དུའང་སྐད་གྲགས་ཆེན་པོ་ཡོད་འདུག
ཁོང་གི་ ཝེཡི་སྦོ་ Weibo སྤྱི་ཚོགས་དྲ་ལམ་ནང་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་བཀོད་འདུག་པ་དེའི་ནང་། ཁོང་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོན་པའི་སློབ་མ་ཞིག་ཡིན་འདུག་ཅིང་།   ༢༠༡༤ ལོར་ Guangdong Satellite TV བརྙན་འཕྲིན་ལས་རིམ་ནང་རྒྱ་ནག་ནང་གི་བུ་ཡག་པོ་ "Good Boys in China ཟེར་བའི་འགྲན་རྩོད་ཞུགས་འདུག་ལ། ཁོང་ནུབ་བརྒྱུད་སྡེ་ཚན་ནང་གི་རྩེ་ཕུད་སྒྱུ་རྩལ་བ་༡༢ ཁོངས་སུ་དང་། རྒྱ་ནག་རྒྱལ་ཡོངས་སུ་རྩེ་ཕུད་ ༤༨ ཁོངས་སུ་འདེམས་སྒྲུག་བྱུང་བ་བཀོད་འདུག
ཡང་༢༠༡༧ ལོར་རོལ་དབྱངས་ཀྱི་རྒྱལ་ཡོངས་རྣམ་དཔྱོད་འགྲན་བསྡུར་ "The Son of Tomorrow སང་ཉིན་གྱི་བུ་ ཞེས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲན་བསྡུར་གཞན་ཞིག་ནང་ལ་མཉམ་ཞུགས་བྱས་ཏེ། རྩེ་ཕུད་ ༩ ཁོངས་སུ་ཚུད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པ་དེས་གསུངས་ན། གཞས་པ་ཚེ་དབང་ནོར་བུ་ལགས་ཀྱི་ཨ་མ་ལགས་ཀྱི་མཚན་ལ་བསོད་ནམས་དབང་མོ་ཞུ་གི་ཡོད་འདུག་ཅིང་།  ཨ་མ་ལགས་ཁོང་ཡང་རྒྱ་ནག་གི་ནང་དུ་སྒྱུ་རྩལ་བ་གྲགས་ཅན་ཞིག་ཡིན་འདུག
འདས་པའི་ཉིན་གྲངས་ཁ་ཤས་ནང་ཚེ་དབང་ནོར་བུ་ལགས་ཀྱི་སྤྱི་ཚོགས་དྲ་རྒྱ་Weibo དང་Daoying ནང་དུ་མཆན་བཀོད་མཁན་མང་པོ་བྱུང་སྟེ།  ཁོང་གི་བྱང་བུའི་འོག་ཁྱེད་ཕེབས་ལམ་བདེ་བ་དང་།  མྱུར་དུ་བདེ་བ་ཅན་དུ་འཁོད་པར་སྨོན་ཞེས་སོགས་ཀྱི་སྨོན་ཚིག་བཀོད་ཡོད་ཅིང་།  རྒྱ་ནག་ནང་དུ་གླུ་གཞས་ཀྱི་མཉེན་ཆས་ནང་ཁོང་གི་གླུ་གཞས་མང་པོ་ཞིག་གོ་མི་ཐུབ་པར་བཀག་འགོག་བྱེད་ཡོད་འདུག
ཚེ་དབང་ནོར་བུ་ལགས་ཀྱིས་དེང་དུས་ཀྱི་གླུ་གཞས་རིགས་ མགྱོགས་གཞས་གཞས་མ་གཏམ་ (Rap) པོཔ་རོལ་གཞས་མང་པོ་བཏང་པའི་ནང་། རྩམ་པ་དང་།  གཟབ་མཆོར། བྱང་ཐང་ལ་བལྟ་བའི་མིག     རང་མ་གཏོགས་མེད་ཞེས་པ་སོགས་མང་པོ་བླངས་ཏེ།  བོད་ཕྱི་ནང་གཉིས་ཀ་ནས་ཁོང་གི་དེང་དུས་དར་གསོ་ཆེ་བའི་གླུ་གཞས་དེ་དག་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་རེད། ཁོང་གི་ཝེཡི་སྦོ་དྲ་ལམ་ཐོག་རྗེས་འཇུག་པ་མི་ལྔ་འབུམ་དགུ་ཁྲི་ལྷག་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org