བོད་ནང་གི་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སྒོ་རྒྱབ་འདུག
བོད་ནང་གི་བོད་ཡིག་གི་དྲ་བ་རྙིང་གྲས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་གནས་སྐབས་སྒོ་རྒྱག་དགོས་བྱུང་འདུག
-
2015-08-20 -
-
-
བོད་ནང་གི་བོད་ཡིག་གི་དྲ་བ་རྙིང་གྲས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་གནས་སྐབས་སྒོ་རྒྱག་དགོས་བྱུང་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ནང་ཕྱོགས་གང་ཐད་ནས་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་། དྲ་ལམ་འཕྲིན་ལམ་ལ་ཡང་དམ་དྲག་དང་བཀོད་བཅོས་འདྲ་མིན་བྱེད་བཞིན་པར། ༢༠༡༥ལོའི་ཟླ༨པའི་ཚེས༡༠ཉིན་བོད་ནང་གི་བོད་ཡིག་གི་དྲ་བ་རྙིང་གྲས་མཆོད་མེ་བོད་ཡིག་གི་རྩོམ་རིག་དྲ་རྒྱ་གློ་བུར་སྒོ་རྒྱག་དགོས་བྱུང་ཡོད་པ་རེད། དེའི་ཐད་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས། ཚེས༡༠ཉིན་མཆོད་མེ་དྲ་བ་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་དགོས་ཟེར་བས་ཉིན་འགའི་རིང་ཁ་འབྱེད་མི་ཐུབ་ཅེས་དང་། ཡང་ཚེས༡༩ཉིན་གསལ་བསྒྲགས་ཚུལ་གྱིས་དྲ་ལམ་ལ་གནས་ཚུལ་ཐུང་ངུ་ཞིག་སྤེལ་ནས། རྒྱ་ནག་གི་འབྲེལ་ཡོད་ཚན་པས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་རྒྱལ་ཁབ་བརྡ་འཕྲིན་ལས་ཁུངས་སུ་བསྐྱར་ཏུ་ཐོ་འགོད་བྱེད་དགོས་བ་བཤད་པར་བརྟེན་སླར་ཡང་དྲ་སྒོ་རྒྱག་དགོས་བྱུང་པས། ལྷན་རྒྱས་ལ་དགོངས་དག་ཞུ་ཅེས་བྲིས་ཡོད་པ་དང་། དེ་དང་འཕྲོས་ནས་ཀློག་པ་པོ་མི་ཉུང་བས་བློ་ཕམ་གྱི་བསམ་ཚོར་མི་ཉུང་བ་བྲིས་ཡོད་པའི་ཁྲོད་གཅིག་གིས། བོད་ཡིག་དག་ལ་བར་ཆད་མང་། དྲ་སྒོ་བརྒྱབས་ནས་འདྲི་རྒྱུ་མང་། བོད་མི་དག་ལ་རྐྱེན་ངན་མང་། ཞྭ་ལྷམ་ཕུད་ནས་བརྟག་བཤེར་མང་ཅེས་ད་ལྟའི་བོད་ནང་གི་གནས་སྟངས་མཚོན་པ་བྱས་འདུག
གསར་འགོད་པས་རྒྱལ་ཁབ་བརྡ་འཕྲིན་ལས་ཁུངས་སུ་བསྐྱར་ཏུ་ཐོ་འགོད་བྱེད་དགོས་པའི་རྒྱུ་མཚན་སྐོར་སྐད་ཆ་དྲིས་སྐབས། ཁ་གསལ་གྱི་ལན་གང་ཡང་འབྱོར་མ་བྱུང་།
རྒྱ་ནག་གི་འབྲེལ་ཡོད་ཚན་པས། དེ་སྔ་༢༠༠༩ལོར་མཆོད་མེ་བོད་ཡིག་གི་དྲ་རྒྱའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་འཇུ་བཟུང་གིས་ལོ་བཅོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་༢༠༠༩ལོར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ནང་གི་སྒེར་གཉེར་བོད་ཡིག་གི་དྲ་རྒྱ་ཁག་དང་། ལྷག་པར་བོད་ཡིག་གི་ཟིན་བྲིས་འདྲ་མིན་ལ་ཡང་ཡང་དམ་དྲག་དང་ཉེན་བརྡ་བཏང་བར་བརྟེན་བོད་ཡིག་གི་ཟིན་བྲིས་ཁག་གིས་ཡོངས་སུ་སྒོ་རྒྱག་དགོས་བྱུང་བ་དང་། བོད་ཡིག་གི་སྒེར་གཉེར་དྲ་རྒྱ་ཁག་གི་ནང་རྒྱ་ནག་གི་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་ཡིག་དང་། པར་ རིས། ལ་རྒྱའི་སྐོར་གྱི་རྩོམ་ཡིག་འདྲ་མིན་བྱུང་ཚེ་ལམ་སེང་དྲ་བདག་ལ་ཉེན་བརྡ་གཏོང་བ་དང་། དྲ་རྒྱ་ཡང་ཡང་སྒོ་རྒྱག་དགོས་བ་ཡོང་གི་ཡོད་པ་རེད།
གནས་ཚུལ་ལྟར་ན། བོད་ནང་གི་མཆོད་མེ་བོད་ཀྱི་རྩོམ་ཡིག་དྲ་བ་ནི་བོད་ནང་གི་ཤེས་ཡོན་པའི་སྡེ་ཡིས་དགའ་མོས་བྱེད་སའི་བོད་ཡིག་གི་དྲ་བ་རྙིང་གྲས་ཞིག་ཡིན་པ་དང་། ཟིན་བྲིས་ནད་འགོ་ཚུགས་ཏེ། ད་ལྟ་དྲ་རྒྱའི་ནང་འཕྲིན་གསར་དང་། ལེགས་རྩོམ། ངག་རྩོམ། དེང་རྩོམ། སྒྲ་བརྙན། ཆེད་བསྒྲིགས་སོགས་སྡེ་ཚན་མང་པོར་དབྱེ་ནས་བོད་ཁྱོན་ཡོངས་ཀྱི་བརྩམས་ཆོས་མང་པོ་ཡོད་པ་དང་། དྲ་བ་དེ་མདོ་སྨད་ཀན་ལྷོ་རྨ་ཆུ་ཕྱོགས་ཀྱི་གཞོན་སྐྱེས་སྐྱབས་ཆེན་བདེ་གྲོལ་གྱི་གཙོས་གཞོན་སྐྱེས་ཁག་གཅིག་གིས་གསར་བཙུགས་བྱས་བ་ཡིན་འདུག
གསར་འགོད་པ་ཀླུ་འབུམ།