ཞིང་གཤེགས་ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་གི་ཆེད་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚོགས་པ།

ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་དགུང་ལོ་ ༨༨ ཐོག་ཨི་ཊ་ལིའི་ཝེ་ཊི་ཁེན་གྲོང་ཁྱེར་དུ་དགོངས་པ་རྫོགས་པར། བཞུགས་སྒར་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞིང་གཤེགས་ཡེ་ཤུའི་བླ་ཆེན་མཆོག་དང་ཁོང་གི་རྗེས་འཇུག་གདུལ་བྱ་རྣམས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། ས་གནས་བོད་མི་དང་ཐེ་བའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཡུལ་སྐོར་བ་ལྷན་ཞུགས་ཐོག་མཆོད་འབུལ་སྨོན་ལམ་འཚོགས་སོང་ལ། ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་ལྷན་འཛོམས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་འཚོག་བཞིན་པ། ༢༠༢༥།༠༤།༢༢ RFA/Tenzin Woser

ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༡ ཉིན་ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་ (Pope Francis) མཆོག་དགུང་ལོ་ ༨༨ ཐོག་ཨི་ཊ་ལིའི་ཝེ་ཊི་ཁེན་གྲོང་ཁྱེར་ (Vatican City) དུ་དགོངས་པ་རྫོགས་པར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་སྐྱབས་འཇུག་གནང་ཡོད་ལ། ཕྱི་ཟླ་ ༤ ཚེས་ ༢༢ ཉིན། བཞུགས་སྒར་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞིང་གཤེགས་ཡེ་ཤུའི་བླ་ཆེན་མཆོག་དང་ཁོང་གི་རྗེས་འཇུག་གདུལ་བྱ་རྣམས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། ས་གནས་བོད་མི་དང་ཐེ་བའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཡུལ་སྐོར་བ་ལྷན་ཞུགས་ཐོག་མཆོད་འབུལ་སྨོན་ལམ་འཚོགས་སོང་ལ། ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་ལྷན་འཛོམས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་།

དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གོ་སྒྲིག་འོག་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩་༣༠ ཙམ་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་གཙོས་པའི་ས་གནས་བོད་མི་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཕྱི་ནང་ཡུལ་སྐོར་བ་ལྷན་འཛོམས་ཐོག་ཞིང་གཤེགས་ཡེ་ཤུའི་བླ་ཆེན་ཧྥ་རན་སིས་མཆོག་དམིགས་ཏེ་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་དང་། ཐེངས་འདིའི་མཆོད་འབུལ་སྨོན་ལམ་དང་འབྲེལ་ཏེ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཚན་ཉིད་སློབ་དཔོན་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས། ཡེ་ཤུའི་བླ་ཆེན་དམ་པ་པོབ་ཧྤ་རན་སིས་མཆོག་ཁ་སང་དགོངས་པ་རྫོགས་ཡོད་པས། ཁོང་གི་འཛམ་གླིང་ཞི་བདེ་ལ་ཕན་པའི་དགོངས་བཞེད་རླབས་པོ་ཆེ་དེ་དག་སྒྲུབ་ཐབས་ཆེད་སྨོན་ལམ་འཚོགས་ཡོད་པ་དང་། དེ་ཡང་ཆོས་ལུགས་མཐུན་འབྲེལ་གནང་རྒྱུ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྐྱེད་དམ་བཅའི་ཡ་གྱལ་ཞིག་ཡིན་པས། ཡེ་ཤུའི་བླ་ཆེན་དམ་པ་དེ་ཉིད་ཀྱི་ཆེད་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནང་པ་གཙོ་བོར་གྱུར་བས་མཆོད་འབུལ་སྨོན་ལམ་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། 

གཞན་ཡང་མཆོད་འབུལ་སྨོན་ལམ་ཐོག་ཕེབས་པའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་བཞིན་དགེ་འདུན་པར་ཚན་རིག་སློབ་ཁྲིད་ལས་གཞིར་རྒྱབ་སྐྱོར་གནང་མཁན་བྷོ་སྦི་སའེ་གྷར་ (Bobby Sager) ལགས་ཀྱིས། ངས་པོབ་མཆོག་ནི་མི་རིགས་ལ་སེམས་ཁུར་བྱེད་མཁན་དང་འཇིག་རྟེན་འདི་ཡར་རྒྱས་གཏོང་བར་རང་གི་མི་ཚེ་ཧྲིལ་པོ་གཏོང་མཁན་ཞིག་ཏུ་ངོས་འཛིན་གྱི་ཡོད་ལ། ད་ལན་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་བ་དེས་ཁོང་ལ་གུས་བརྩི་ཆེན་པོ་ཡོད་པ་མཚོན་གྱི་ཡོད་པས་ཧ་ཅང་དགའ་པོ་བྱུང་ཅེས་གསུང་གི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་རྣམས་ནས་སྨོན་ལམ་གསུང་འདོན་གནང་བཞིན་པ།

གཞན་ཡང་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སིས་མཆོག་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ནས་ཞིང་གཤེགས་དམ་པ་དེ་ཉིད་དང་། ཁོང་རྗེས་འབྲང་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཞུ་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་ལྷན་འཛོམས་ཐོག་མཆོད་འབུལ་སྨོན་ལམ་ཚོགས་སོང་ལ། སྐབས་དེར་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས། ཞིང་གཤེགས་ཁོང་ཕྱི་ལོ་ ༢༠༡༣ ནས་ལོ་ ༡༢ ལྷག་རིང་ཡི་ཤུའི་བླ་ཆེན་གྱི་ཐུགས་འགན་བཞེས་པའི་རིང་། ཡི་ཤུའི་བ་ཡིན་རྗེས་འབྲང་ཡིན་མིན་ལ་མི་ལྟོས་པར་འགྲོ་བ་མི་ཚང་མས་ཁོང་ལ་གུས་བརྩི་དང་ཆེས་མཐོང་། ཡིད་ཆེས། དགའ་མོས་ཤུགས་ཆེན་བྱེད་ཀྱི་ཡོད་པ་ཡོངས་གྲགས་རེད་ཅེས་གསུངས་སོང་། 

གཞི་རྩའི་ཟླ་ ༤ ཚེས་ ༢༡ ཉིན། པོབ་ཧྤ་རན་སིས་མཆོག་ (Vatican City) དུ་ཁོང་གི་གཟིམ་གཤགས་ནང་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་སྐྱབས་འཇུག་གནང་ཡོད་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཀྱང་ཐུགས་གསོ་གནང་འདུག །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org