ཐའེ་ལྦན་གྱི་སྲིད་འཛིན་གྱི་ལས་དོན་སྤེལ་ཕྱོགས་ལ་བསམ་ཚུལ།
ཐའེ་ལྦན་གྱི་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ཐའེ་ལྦན་གྱི་སྲིད་འཛིན་གྱི་ལས་དོན་སྤེལ་ཕྱོགས་ལ་འདོད་བློ་མི་ཁེངས་བ།
-
2010-01-22 -
-
-
༄༅༎ཐའེ་ལྦན་གྱི་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡི་ལས་དོན་སྤེལ་ཕྱོགས་ལ་འདོད་བློ་མི་ཁེངས་བའི་མིའི་གྲངས་འབོར་བརྒྱ་ཆ་༧༥དང་ཚག་བརྒྱད་ཙམ་ཟིན་གྱི་ཡོད་པ་རེད་
ཐའེ་ལྦན་གྱི་Global Viewsཞེས་པའི་དུས་དེབ་ཀྱིས་ཐའེ་ལྦན་དམངས་ཁྲོད་དུ་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ལས་དོན་སྤེལ་ཕྱོགས་ལ་འདོད་བློ་ཁེངས་མིན་གྱི་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་གཟའ་པ་སངས་ཉིན་ཕྱིར་བསྒྲགས་བྱས་ཡོད་པའི་ནང་ བསམ་ཚུལ་བསྡུ་ལེན་བྱེད་ས་མི་གྲངས་༡༠༡༤ཙམ་ནང་ནས་བརྒྱ་ཆ་༧༥ལྷག་ཙམ་གྱིས་འདོད་བློ་ཁེངས་པའི་ལས་དོན་སྤེལ་ཐུབ་མེད་པ་བརྗོད་ཡོད་ཅིང་ བསམ་ཚུལ་བསྡུ་ལེན་བྱེད་སའི་མིའི་གྲངས་འབོར་གྱི་བརྒྱ་ཆ་བདུན་ལྷག་ཙམ་གྱིས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ལས་དོན་སྤེལ་ཕྱོགས་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་པའི་བསམ་ཚུལ་བཏོན་ཡོད་པ་འདུག ཡང་བསམ་ཚུལ་བསྡུ་ལེན་བྱས་པའི་འབྲས་བུའི་ནང་བསམ་ཚུལ་བསྡུ་ལེན་བྱེད་མིའི་གྲངས་འབོར་གྱི་རྒྱ་ཆ་༤༩ལྷག་ཙམ་གྱིས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ལས་དོན་སྤེལ་ཕྱོགས་ལ་ཡིད་ཆེས་མེད་པའི་རྣམ་འགྱུར་བཏོན་ཡོད་པ་དང་ མི་གྲངས་ཀྱི་བརྒྱ་ཆ་༣༦ཙམ་གྱིས་ཡིད་ཆེས་ཡོད་པའི་རྣམ་འགྱུར་བཏོན་ཡོད་ཅིང་ དེ་བཞིན་གོ་མིན་ཏང་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོའི་ལས་དོན་སྤེལ་ཕྱོགས་ལ་ཡང་འདོད་བློ་མི་ཁེངས་པའི་རྣམ་འགྱུར་བཏོན་མཁན་བསམ་ཚུལ་བསྡུ་ལེན་བྱེད་སའི་མིའི་གྲངས་འབོར་གྱི་བརྒྱ་ཆ་༦༣ལྷག་ཟིན་ཡོད་པ་རེད་ ད་རེས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་མཇུག་འབྲས་ཐོག་ནས་ཐའེ་ལྦན་མི་མང་ཀྱི་ཁྲོད་སྲིད་འཛིན་མའ་དབྱིང་ཇའུ་དང་གོ་མིན་ཏང་ཚོགས་པར་མི་འདོད་པའི་རྣམ་འགྱུར་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་པ་མཚོན་ཐུབ་ཅིང་ཡིན་ནའི་གོ་མིན་ཏང་ཤོག་ཁག་གིས་སྲིད་འཛིན་མའ་དབྱིང་ཇའུ་ཡི་ཕྱག་ལས་གནང་ཕྱོགས་ལ་འདོད་བློ་མི་ཁེངས་བའི་མིའི་གྲངས་འབོར་མང་དུ་ཕྱིན་པའི་བསམ་ཚུལ་བཏོན་པ་དེར་ཧ་ལས་དགོས་དོན་མེད་ཅིང་དེང་སྐབས་ཐའེ་ལྦན་གཞུང་གིས་ཁྲིམས་ལུགས་གསར་བཟོའི་གནད་དོན་སོགས་ཀྱིས་ཕྱོགས་འགལ་ཚོགས་པ་མ་ཟད་གཞུང་འཛིན་ཚོགས་པ་ནང་ཁུལ་དུ་ཡང་མི་འདོད་པའི་རྣམ་འགྱུར་བཏོན་མཁན་ཡོད་པས་གནད་དོན་དེ་རིགས་སེལ་བའི་རྗེས་སྲིད་འཛིན་གྱི་ལས་དོན་སྤེལ་ཕྱོགས་ལ་འདོད་མོས་བྱེད་མཁན་གྱི་མི་མང་གི་གྲངས་འབོར་མང་དུ་འགྲོ་རྒྱུ་ངེས་གཏན་ཡིན་ལུགས་གསུང་གི་ཡོད་པ་རེད་ ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཐའེ་ལྦན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བའི་སྐབས་ཁོང་ལ་འདོད་མོས་བྱེད་མཁན་གྱི་མིའི་གྲངས་འབོར་བརྒྱ་ཆ་༧༩ལྷག་ཟིན་ཡོད་པ་དང་ཡིན་ནའི་ཉིས་སྟོང་དགུ་ལོར་ཐའེ་ལྦན་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་པའི་སྐབས་གཞུང་གིས་མྱུར་སྐྱོབ་ལས་དོན་སྤེལ་མི་ཐུབ་པར་བརྟེན་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་བའི་སྐབས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ལས་དོན་སྤེལ་ཕྱོགས་ལ་སྐྱོན་བརྗོད་བྱེད་མཁན་ཐའེ་ལྦན་མི་མང་གི་གྲངས་འབོར་ཧ་ཅང་མང་པོ་ཆགས་ཡོད་པ་རེད་།