ཆབ་སྲིད་བཙོན་པ་པ་སངས་དབང་ཕྱུག་གློད་བཀྲོལ་བཏང་འདུག

པ་སངས་དབང་ཕྱུག་ལ་བཙོན་འགྲོལ་ཐོབ་ཀྱང་ཕྱི་ཕྱོགས་སུ་འགྲོ་མི་ཆོག་པ་སོགས་དམ་བསྒྲགས་ཆེན་པོའི་འོག་གནས་དགོས་ཡོད་པ།

ཆབ་སྲིད་བཙོན་ཟུར་པ་སངས་དབང་ཕྱུག་རྒྱ་ནག་ཉེན་རྟོག་པས་བསྐྱར་དུ་འཛིན་བཟུང་བྱས་འདུག བསོད་ནམས་དབང་འདུས།

༄༅༎ཉེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་དུས་ཆེན་སྐབས་འཛིན་བཟུང་བྱས་པའི་དཀར་མཛེས་རྫོང་གི་ཆབ་སྲིད་བཙོན་པ་པ་སངས་དབང་ཕྱུག་ལགས་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་ཕྱི་ཕྱོགས་སུ་འགྲོ་མི་ཆོག་པ་དང་།   ནང་གི་སྐད་ཆ་ཕྱི་ལ་བཤད་ན་ཉེས་པ་སྔར་ལས་ཆེ་བ་གཏང་རྒྱུའི་སྡིག་ར་བསྐུལ་ཡོད་པའི་གནས་ཚུལ་འདུག དེ་ཡང་ང་ཚོ་རླུང་འཕྲིན་ཁང་གི་རྒྱ་གར་རྒྱལ་ས་ལྡི་ལིའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱི་གནས་ཚུལ་བཏང་བར་གཞིགས་ན།       སྔ་ལོའི་ཕྱི་ཟླ་༡༠ཚེས་༤ཉིན་གྱི་སྔ་དྲོ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་པ་སངས་དབང་ཕྱུག་ལགས་ཀྱིས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་འཁོད་པའི་འཕྲེད་དར་དཀར་པོ་ཞིག་འཁྱེར་ནས་ཞི་བའི་ངོ་རྒོལ་བྱས་སྐབས་རྒྱ་ནག་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ནས་ཟླ་བ་གཅིག་ལྷག་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་འདི་ལོའི་ཕྱི་ཟླ་༧ཚེས་༦ ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་པ་སངས་དབང་ཕྱུག་ལགས་ཀྱིས་བོད་ཆས་གྱོན་ནས་དཀར་མཛེས་རྫོང་གི་དགོན་པ་ཁག་ནང་ཕེབས་པར་བརྟེན་ཚེས་༧ཉིན་ཁོང་བསྐྱར་དུ་འཛིན་བཟུང་བྱས་ནས་ཟླ་བ་གཅིག་ཙམ་བཀག་ཉར་བྱས་པའི་རྗེས་ཕྱི་ཟླ་༨ཚེས་༦ཉིན་གློད་བཀྲོལ་བཏང་ཡོད་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org