ཁམས་དཀར་མཛེས་བྲག་མགོ་རྫོང་གི་བོད་མི་རྣམས་ལ་ཉེན་རྟོག་པས་གཅར་རྡུང་བཏང་ཡོད་པ།

རྒྱ་གཞུང་གི་ཉེན་རྟོག་པས་དོན་མེད་དུ་ཁམས་དཀར་མཛེས་བྲག་མགོ་རྫོང་གི་བོད་མི་རྣམས་ལ་གཅར་རྡུང་ཚབས་ཆེན་བཏང་ཡོད་འདུག

༢༠༡༤ལོར་རྒྱ་མིའི་ལོ་གསར་སྔ་ནུབ་ལ་ཁམས་བྲག་མགོ་རྫོང་དུ་དམ་བསྒྲགས་ཆེ་རུ་གཏོང་བཞིན་པའི་སྐབས། བོད་ནས་བཏང་འབྱོར།

༄༅། །འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ལགས་སུ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྤྱི་ཟླ ༨ ཚེས ༢༤ ཉིན་གྱི་སྔ་དྲོར། ཁམས་དཀར་མཛེས་ཁུལ་བྲག་མགོ་རྫོང་མཚོ་མགོ་ཡུལ་ཚོ་སྒང་རོང་སྡེ་བའི་སྡེ་མི་ཚོ་རི་མགོར་བསང་མཆོད་དུ་སོང་ཞིང་། སངས་མཆོད་ཚར་རྗེས་སྡེ་མི་ཚོ་རང་གི་ས་ཐོག་ཏུ་སྤྲོ་སྐྱིད་བཏང་ནས་སྡོད་སྐབས། གློ་བུར་དུ་དཀར་མཛེས་རྫོང་གི་ཉེན་རྟོག་པ་སུམ་ཅུ་ལྷག་ཡོང་ནས་བོད་མི་ཚོའི་མཐའ་བསྐོར་ཏེ། བོད་མི་ཚོ་རེ་རེ་བཞིན་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་བྱས་ཡོད་པ་རེད། ཉེན་རྟོག་པས་བོད་མིར་ཞིབ་བཤེར་བྱེད་དགོས་དོན་སོགས་འགྲེལ་བཤད་ཚིག་གཅིག་ཀྱང་མ་བྱས་སྟབས། གློ་བུར་བྱུང་བའི་དོན་རྐྱེན་དེས་བོད་མི་ཚོ་དངངས་སྐྲག་ལངས་ནས་ཧ་ལས་དགོས་བྱུང་ཡོད་པ་རེད།
དེ་ནས་སྡེ་དཔོན་གྱིས་བྲག་མགོ་རྫོང་མཚོ་མགོ་ཡུལ་ཚོ་སྲིད་གཞུང་ལ་ཁ་པར་བཏང་ནས་གནས་ཚུལ་ཞུས་སྐབས། དེ་མ་ཐག་ཉེན་རྟོག་པ་གཉིས་ཀྱིས་སྡེ་དཔོན་ལ་གཅར་རྡུང་དྲག་པོ་བཏང་ཡོད་འདུག
སྐབས་དེར་ཉེན་རྟོག་པའི་སྣེ་ཁྲིད་མཁན་དཀར་མཛེས་རྫོང་གི་རྫོང་དཔོན་གཞོན་པ་ཡན་ཝིན་ཝུ་ཟེར་བས་བོད་མི་རྣམས་ལ་གཅར་རྡུང་དང་འཛིན་བཟུང་བྱེད་དགོས་པའི་བཀའ་ཕེབས་པ་ལྟར་ཉེན་རྟོག་པས་སྙིང་རྗེ་དང་འཛེམ་བག་སྤུ་ཙམ་ཡང་མེད་པར་བོད་མི་ཚོར་གང་བྱུང་དུ་གཅར་རྡུང་དྲག་པོ་བཏང་སྟབས། སྐབས་དེར་བོད་མི་བཅུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ནང་ནས་རྒད་པོ་ལོ་ན་བདུན་ཅུ་དུང་གྲངས་ཅན་ཞིག་གི་མགོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཁྲིན་ཏུའུ་གྲོང་ཁྱེར་དུ་སྨན་བཅོས་ཆེད་འཁྱེར་དགོས་བྱུང་ཡོད་པ་མ་ཟད། མི་གཞན་ཞིག་གི་རྩུབ་མ་བཅགས་ཡོད་པ་དང་། དེ་བཞིན་རྨས་སྐྱོན་ཕོག་མཁན་བོད་མི་ཚོ་བྲག་མགོ་རྫོང་གི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཡོད་པ་རེད།
ས་གནས་བོད་མི་ཚོས་རྗེས་སུ་ད་དུང་ཡང་དཀར་མཛེས་རྫོང་གི་ཉེན་རྟོག་པས་གཅར་རྡུང་བྱེད་དགོས་པའི་རྒྱུ་མཚན་ཤེས་མེད་པ་དང་། ཁོང་ཚོའི་བསམ་པར་རྒྱལ་ཁབ་ནི་ཁྲིམས་སྐྱོང་གི་རྒྱལ་ཁབ་ཅིག་ཡིན་པས། ཉེན་རྟོག་པས་ངེས་པར་དུ་ཁྲིམས་ལུགས་ལྟར་དོན་དག་རིགས་ཐག་གཅོད་བྱེད་དགོས་པ་ལས། དོན་མེད་དུ་མི་མང་ལ་གཅར་རྡུང་བྱེད་སྟངས་དེ་ཁྲིམས་སྐྱོང་གི་ལས་ཤིག་མིན་པར་འདོད་ཡོད་པ་རེད།
དཀར་མཛེས་ཁུལ་བྲག་མགོ་རྫོང་མཚོ་མགོ་ཡུལ་ཚོ་སྒང་རོང་སྡེ་བའི་བོད་རིགས་མང་ཚོགས་ཀྱིས། ང་ཚོ་ཉམ་ཆུང་མི་མང་ཚོ་ད་ལྟ་འཇིགས་སྐྲག་ངང་འཚོ་བ་རོལ་བཞིན་ཡོད། བྲག་མགོ་རྫོང་དང་འབྲེལ་ཡོད་སྡེ་ཚན་གྱིས། དོན་རྐྱེན་འདི་ལ་ཐུགས་ཁུར་གནང་ནས། མི་མང་ཚོར་དོན་མེད་དུ་གཅར་རྡུང་བྱས་པར་ཁྲིམས་ལུགས་ལྟར་འགྲེལ་བཤད་ཅིག་གནང་དགོས་པའི་རེ་འདུན་ཞུས་ཡོད་པ་རེད།།

གསར་འགོད་པ་སྟག་ལྷ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org