རྒྱ་ནག་བཅིངས་གྲོལ་དམག་གིས་བོད་མཐོ་སྒང་དུ་དམག་སྦྱོང་བྱས་འདུག
རྒྱ་ནག་བཅིངས་གྲོལ་དམག་གི་དམིགས་བསལ་སྡེ་ཚན་ཞིག་ནས་བོད་མཐོ་སྒང་དུ་གྲང་ངར་གྱི་གནས་གཤིས་དང་ས་མཐོའི་རི་རྒྱུད་ཀྱི་ས་བབས་སུ་འཇིགས་སྐུལ་དྲག་སྤྱོད་དང་བཙན་འཛུལ་འགོག་ཐབས་ཆེད་དམག་སྦྱོང་བྱས་ཡོད་འདུག
-
2018-07-24 -
-
-
རྒྱ་ནག་བཅིངས་གྲོལ་དམག་གི་དམིགས་བསལ་སྡེ་ཚན་ཞིག་ནས་བོད་མཐོ་སྒང་དུ་གྲང་ངར་གྱི་གནས་གཤིས་དང་ས་མཐོའི་རི་རྒྱུད་ཀྱི་ས་བབས་སུ་འཇིགས་སྐུལ་དྲག་སྤྱོད་དང་བཙན་འཛུལ་འགོག་ཐབས་ཆེད་དམག་སྦྱོང་བྱས་ཡོད་འདུག
དེ་ཡང་(Asia Times) འམ་ཨེ་ཤེ་ཡའི་དུས་བབས་ཞེས་པའི་གསར་ཤོག་གིས་ཕྱི་ཟླ་ ༨ ཚེས་༢༤ཉིན་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། དམག་མིའི་གྲངས་འབོར་ཁ་གསལ་མེད་པའི་རྒྱ་ནག་བཅིངས་འགྲོལ་དམག་གི་དམིགས་བསལ་སྡེ་ཚན་ཞིག་དང་དེ་བཞིན་ཐད་འཕུར་གནམ་གྲུའི་ཁ་ལོ་བ་བཅས་བཟུང་འབྲེལ་གྱི་ཐོག་ནས་རི་རྒྱུད་ཅན་གྱི་ས་མཐོའི་ཆགས་བབས་ནང་ འཇིགས་སྐུལ་དྲག་སྤྱོད་དང་ཕྱིའི་བཙན་འཛུལ་རིགས་ལ་གདོང་ལེན་གྱི་དམག་འཐབ་བྱ་སྟངས་སྐོར་དམག་སྦྱོང་བྱས་ཡོད་ལུགས་རྒྱ་ནག་བཅིངས་འགྲོལ་དམག་གི་ཉིན་རེའི་གསར་ཤོག་ཐོག་བཀོད་ཡོད་པ་ལུངས་འདྲེན་བྱས་འདུག
ཡིན་ནའང་(Global Times) ཞེས་པའི་རྒྱ་ནག་གི་དབྱིན་ཡིག་གསར་ཤོག་ནང་རྒྱ་ནག་གི་དམག་དོན་དཔྱད་གཏམ་པ་(Song Zhongping) ཟེར་བས་ད་རེས་ཀྱི་དམག་སྦྱོང་འདི་རྒྱ་གར་ལ་ཆེད་དུ་དམིགས་པའི་དམག་སྦྱོང་ཞིག་ཡིན་ལུགས་བརྗོད་འདུག་ལ་དམག་སྦྱོང་དེའི་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཁུལ་དུ་རྒྱ་ནག་གི་དམག་དཔུང་སྡེ་ཚན་ཁག་གཅིག་ནས་རྒྱ་གར་གྱི་དམག་དཔུང་ཚུལ་དུ་རྒྱ་ནག་བཅིང་གྲོལ་དམག་དང་དམག་འཐབ་ཀྱི་སྦྱོང་བསྡར་བྱས་ཡོད་པ་བཀོད་འདུག
གྲང་ངར་གྱི་གནམ་གཤིས་དང་རི་རྒྱུད་ཁུལ་དུ་དམག་སྦྱོང་བྱ་སྟངས་ཀྱི་ཐད་ནས་བཅིངས་གྲོལ་དམག་གི་དམིགས་བསལ་སྡེ་ཚན་གྱི་དམག་མི་ཚོས་ལུང་གཤོང་དང་ཆ་སྙོམས་ལྡན་པའི་ས་ཆ་མ་ཡིན་པར་གཡང་གཟར་ཅན་གྱི་བྲག་ངོས་ནས་རི་འཛེགས་བྱས་སྟེ་དགྲ་བོའི་དམག་དཔུང་ལ་མཐའ་སྐོར་བྱ་སྟངས་དང་། དེ་བཞིན་ཉིན་གྲངས་མང་པོའི་རིང་ས་མཐོའི་བོད་ཀྱི་རི་རྒྱུད་ཁུལ་དུ་བཟའ་བཅའ་དང་མེ་མདའི་རྡེའུ་སོགས་ཁ་སྣོན་མེད་པར་དུས་ཡུན་རིང་པོར་གསོན་པོར་གནས་ཐུབ་སྟངས་ཀྱི་སྦྱོང་བསྡར་ཡང་བྱས་ཡོད་ལུགས་(CCTV)ཞེས་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་བཀོད་འདུག
གནས་ཚུལ་ནང་གསལ་བར། རྒྱ་ནག་བཅིངས་འགྲོལ་དམག་གི་དམིགས་བསལ་སྡེ་ཚན་གྱི་དམག་མིའི་གྲངས་འབོར་དེ་གསང་རྒྱ་ཆེན་པོ་བྱེད་བཞིན་ཡོད་ཀྱང་དམིགས་བསལ་སྡེ་ཚན་གྱི་དམག་མིའི་གྲངས་འབོར་དེ་༧༠༠༠ནས་༡༤༠༠༠བར་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།