ཕེ་རན་སི་ནང་བོད་དོན་རྒྱབ་སྐྱོར་བ་མི་བཞི་འཛིན་བཟུང་བྱས་པ།
ཕེ་རན་སི་ནང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་དང་གསར་འགོད་པའི་དཔར་པ་གསུམ་འཛིན་བཟུང་བྱས་ཡོད་འདུག
-
2008-08-24 -
-
-
༄༅༎ཕེ་རན་སི་ནང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་བོད་དོན་འབྲེལ་བའི་ཕྲེད་དར་དཔྱངས་ཏེ་ངོ་རྒོལ་བྱེད་མཁན་དང་ གསར་འགོད་པའི་དཔར་པ་གསུམ་བཅས་མི་བཞི་འཛིན་བཟུང་བྱས་ཡོད་འདུག
འཛིན་བཟུང་བྱས་པ་གཅིག་ ཕེ་རན་སིའི་ཨེ་ཨེཕ་པི་གསར་ལས་ཁང་གི་དཔར་པ་ ཨོ་ལི་ལྦར་ ལ་བན་ མ་ཐེའེ་ ཡིན་འདུག ཉེན་སྲུང་མི་སྣས་ཆུ་ཚོད་གཉིས་ཙམ་རིང་འཛིན་བཟུང་བྱས་པའི་རིང་དཔར་ཆས་འཕྲོག་ཡོད་ཀྱང་རྗེས་སུ་ཞིབ་འཇུག་གིས་གློད་བཀྲོལ་སྐབས་ཕྱིར་ལོག་བྱས་ཡོད་འདུག ངོ་རྒོལ་བ་དེ་དང་དེ་མཚུངས་གློད་ཡོད་ལུགས་འགྲེལ་བརྗོད་བྱས་འདུག བོད་དོན་རྒྱབ་སྐྱོར་བ་དེས་རྒྱ་ནག་གཞུང་ཚབ་ཁང་གི་འཁྲིས་ལ་ཡོད་པའི་ཁང་གི་ཐོག་ཁར་འཛེགས་ནས་ཕྲེད་དར་ཆེན་པོ་ཞིག་གི་ཐོག་ རྒྱ་མིས་རྫུན་བཤད་ཀྱི་ཡོད་རེད་ བོད་མི་ཤི་ཡི་ཡོད་རེད་ ཅེས་འཁོད་པ་ཞིག་དཔྱངས་ཡོད་ལུགས་གོང་ཞུས་ཕེ་རན་སིའི་གསར་ལས་ཁང་གི་དཔར་པ་ ཨོ་ལི་ལྦར་གྱིས་འགྲེལ་བརྗོད་གནང་འདུག དཔར་པ་གཞན་གཉིས་དང་ངོ་རྒོལ་བྱེད་མཁན་སུ་ཡིན་ངོ་སྤྲོད་བྱས་མི་འདུག།