གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་མ་འོངས་པར་བོད་རྒྱ་འབྲེལ་མོལ་ཡོང་ཆེད་གྲ་སྒྲིག་དང་དེའི་ཐོག་གོ་བསྡུར་བྱུང་འདུག

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ད་རེས་ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་གཙོ་བོ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་། མ་འོངས་པར་བོད་རྒྱ་འབྲེལ་མོལ་ཡོང་ཆེད་གྲ་སྒྲིག། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་དེ་དང་འབྲེལ་བའི་གནད་དོན་ཐོག་འབྲེལ་བ་གནང་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་འདུ་འཚོག་བཞིན་པའི་པར་རིས། བོད་མིའི་སྒྲིག་འཛུགས།

ཕྱི་ལོ་ ༢༠༢༢ ཟླ་བ་༧ པའི་ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དེ་བཞིན་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ Asia Health Resort གསོལ་མགྲོན་ཁང་དུ་མཇུག་སྒྲིལ་གནང་ཞིང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ད་རེས་ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་གཙོ་བོ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་། མ་འོངས་པར་བོད་རྒྱ་འབྲེལ་མོལ་ཡོང་ཆེད་གྲ་སྒྲིག། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་དེ་དང་འབྲེལ་བའི་གནད་དོན་ཐོག་འབྲེལ་བ་གནང་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་རིང་མིན་ཕྱི་ཟླ་ ༡༠ པའི་གོ་སྟོད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་དེ་འཚོགས་གཏན་འཁེལ་ཡོད་པ་མ་ཟད། ཚོགས་ཆེན་ཐོག་ཞི་ཅིན་ཕིང་སླར་ཡང་འབྱུང་འགྱུར་ལོ་ལྔའི་རིང་སྲིད་འཛིན་དུ་བདམ་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་འདུག་པས། དེ་འབྲེལ་གནད་དོན་ཐོག་གོ་བསྡུར་བྱུང་ཡོད་མེད་བཅར་འདྲི་ཞུས་པར། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། གནད་དོན་དེའི་ཐོག་གོ་བསྡུར་བྱུང་ཡོད་པ་མ་ཟད། རྒྱ་ནག་གི་ཆབ་སྲིད་ཐོག་ལ་འགྱུར་བ་འགྲོ་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ད་རེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཀྱིས་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བོད་ནང་གི་གནས་སྟངས་སྤྱི་དང་། རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་འགྲོས། དེ་བཞིན་སྲིད་སྐྱོང་མཆོག་ནས་མཛད་འགན་བཞེས་པ་ནས་བཟུང་ཡོ་རོབ་དང་ཨ་རི་སོགས་སུ་ཕེབས་ཏེ་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་བའི་གནད་དོན་ཁག་སྙན་སྒྲོན་གྱིས་གོ་བསྡུར་ཞུས་ཡོད་འདུག

ཡང་གསར་འགོད་པ་ཞིག་གིས། སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་སྲིད་འཛིན་མཚན་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དེའི་ཐོག་ལ་གོ་བསྡུར་བྱུང་ཡོད་མེད་བཅར་འདྲི་ཞུས་སྐབས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ། དེའི་ཐོག་མུ་མཐུད་བསྐྱར་ཞིབ་ཞུ་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་། 

གཞན་ཡང་ད་རེས་་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་སྲིད་སྐྱོང་མཆོག་གཙོས་པའི་བདེ་སྲུང་དྲུང་ཆེ་དང་ཕྱི་དྲིལ་དྲུང་ཆེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་དང་ལྡི་ལིའི་སྐུ་ཚབ་དོན་གཅོད། སློབ་སྟོན་པར་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་ཡོད་ཐོག། བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་རྣམ་གཉིས་དྲ་ལམ་བརྒྱུད་མཉམ་བཞུགས་གནང་ཡོད་པ་རེད།

གཞི་རྩའི་ཆ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བཀའ་ཤག་གསར་པ་ནས་བཟུང་། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ལ་མིང་བསྒྱུར་དང་འབྲེལ། ཚོགས་མིའི་གྲུབ་ཆ་ལའང་འགྱུར་བ་བཏང་ཡོད་པ་རེད། 

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org