བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལྷ་ས་ནས་སྦྱིན་སྲེག་གནང་འདུག
བོད་ནང་གློ་བུར་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལྷ་སའི་སྟོད་ལུང་ནས་སྦྱིན་སྲེག་གནང་རྗེས་རུས་ཐལ་ཕ་ཡུལ་ལ་གདན་དྲངས་འདུག
- 2023-05-10
-
-
-
Your browser doesn’t support HTML5 audio
དེ་ཡང་བོད་ནས་འབྲེལ་ཡོད་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་༥་ཚེས་༨ཉིན་གློ་བུར་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་སྐུ་ཕུང་། འདི་ཚེས་༡༠རེས་གཟའ་ལྷག་པའི་ཞོགས་པ་བོད་ནང་གི་ཆུ་ཚོད་ལྔ་བའི་སྟེང་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་གདན་དྲངས་ནས་བར་སྐོར་ལ་སྐོར་བ་གནང་བའི་རྗེས། ལྷ་སའི་སྟོད་ལུང་བདེ་ཆེན་ནས་ཕུང་པོ་སྦྱིན་སྲེག་གནང་ཡོད་པ་དང་། སྐབས་དེར་གློག་བརྙན་འཁྲབ་ཁྲིད་པ་དང་། འཁྲབ་སྟོན་པ། སྒྱུ་རྩལ་པ་སོགས་ཀྱི་གཙོས་མི་མང་པོ་ཕེབས་ཡོད་པ་ངོ་སྤྲོད་གནང་བྱུང་།
སྤྱིན་སྲེག་གནང་འགྲུབ་རྗེས་རུལ་ཐལ་ཐད་ཀར་མཁའ་ལམ་བརྒྱུད་ཁོང་གི་ཕ་ཡུལ་མཚོ་སྔོན་ཁྲི་ཀའི་ཁྱིམ་ལ་གདན་འདྲེན་ཞུས་ཡོད་པ་དང་། ལམ་བར་ཟི་ལིང་གནམ་ཐང་དུ་འབྱོར་སྐབས་མི་གྲངས་༤༠༠ཙམ་འཛོམས་ནས་མྱ་ངན་དང་མཐའ་མའི་ཕེབས་སྐྱེལ་ཞུས་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།
ད་རེས་ཁོང་གློ་བུར་དུ་སྐུ་གྲོངས་བར་བོད་ཕྱི་ནང་གཉིས་ནས་བོད་མི་ཚོས་མྱ་ངན་དང་རྗེས་དྲན་བྱེད་མཁན་མང་པོ་བྱུང་བ་དང་། རྒྱལ་སྤྱིའི་གསར་ལམ་ཁག་མང་པོས་ཀྱང་དོ་སྣང་ཆེན་པོས་གནས་ཚུལ་སྤེལ་ཡོད་པ་རེད།
པདྨ་ཚེ་བརྟན་ལགས་སྤྱི་ལོ་༡༩༦༩ལོའི་ཟླ་༡༢་བའི་ནང་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་ཀྱི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ་༡༩༩༥ལོར་ནུབ་བྱང་མི་རིགས་སློབ་ཆེན་མས་སློབ་མཐར་ཕྱིན་རྗེས། ༢༠༠༠ལོའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ལས་ཁུངས་སུ་ཕྱག་ལས་གནང་། དེ་ནས་༢༠༠ལོར་ཡང་བསྐྱར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་རབ་འབྱམས་པའི་བསླབ་གནས་ལ་སྦྱང་བ་མཛད་པ་དང་། ༢༠༠༢་ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་། མདོར་ན། ཁོང་ནི་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་དང་། གློག་བརྙན་འཁྲབ་ཁྲིད་པ། རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན་ལ། ཁོང་གིས་ད་བར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན་དང་གཡང་མདའ། ཐར་ལོ་སོགས་གློག་བརྙན་རིགས་༡༤ལྷག་འཁྲབ་ཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཐོབ་མྱོང་བའི་ཁྲོད། ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར། དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝཱ་ནེ་སི་(Venice)་དང་། ཨ་རིའི་(Brooklyn) ཐེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལ་རྒྱལ་ཁབ་འདྲ་མིན་གྱི་གཟེངས་རྟགས་མི་འདྲ་བ་༡༢ཐོབ་ཡོད་འདུག
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།