བོད་ནང་གི་རྩོམ་པ་པོ་པདྨ་རྒྱ་མཚོ་འམ་སོ་ལྟ་བ་གློད་འདུག
རྩོམ་པ་པོ་པདྨ་རྒྱ་མཚོ་འམ་སྨྱུག་མིང་ལ་སོ་ལྟ་བ་ཞུ་བ་རྒྱ་ནག་གིས་ཉིན་གྲངས་བཅུ་གཅིག་ཙམ་ལ་བཀག་ཉར་བྱས་རྗེས་གློད་གྲོལ་བྱུང་འདུག
-
2018-06-05 -
-
-
Your browser doesn’t support HTML5 audio
རྩོམ་པ་པོ་པདྨ་རྒྱ་མཚོ་འམ་སྨྱུག་མིང་ལ་སོ་ལྟ་བ་ཞུ་བ་རྒྱ་ནག་གིས་ཉིན་གྲངས་བཅུ་གཅིག་ཙམ་ལ་བཀག་ཉར་བྱས་རྗེས་གློད་གྲོལ་བྱུང་འདུག
དེ་ཡང་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་པདྨ་པ་རྒྱ་མཚོ་ལགས་སམ་སོ་ལྟ་བ་ལགས་ཕྱི་ཟླ་༥པའི་ཚེས་༢༥ཉིན་ལན་ཀྲོའུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་ནས་འཛིན་བཟུང་བཀག་ཉར་བྱས་བ་དང་། འཛིན་བཟུང་བཀག་ཉར་བྱེད་མཁན་དེ་ལན་ཀྲོའུ་བདེ་འཇགས་མི་སྣ་ཡིན་ཡང་ན་ཁོང་གི་ཕ་ཡུལ་རྨ་ཆུ་རྫོང་གི་ཉེན་རྟོག་པ་ཡིན་མིན་གསལ་བོ་ཤེས་རྟོགས་མེད་ན་ཡང་ཉིན་གྲངས་བཅུ་གཅིག་ཙམ་ལ་བཀག་ཉར་བྱས་རྗེས་ཕྱི་ཟླ་༦པའི་ཚེས་༥ཉིན་གློད་གྲོལ་བཏང་ཡོད་པ་གནས་ཚུལ་ཡོང་ཁུངས་ཤིག་ནས་འདི་ག་རླུང་འཕྲིན་ཁང་ལ་གསུང་བྱུང་།
ཡང་གནས་ཚུལ་ཡོང་ཁུངས་ནས་མུ་མཐུད་དུ་གསུང་ན། དེ་སྔོན་ནས་རྨ་ཆུ་རྫོང་གི་ཉེན་རྟོག་པས་རྩོམ་པ་པདྨ་པ་རྒྱ་མཚོ་ལགས་ཀྱི་སྐོར་རྩད་ཞིབ་བྱེད་བཞིན་པ་དང་། ཐེངས་ཤིག་ཁོང་གི་ཕ་ཡུལ་དུ་ཡོང་ནས་རྩད་གཅོད་བྱེད་བཞིན་པ་ཁོང་གིས་ཤེས་རྟོགས་བྱུང་སྟབས་སློབ་གྲྭའི་གུང་གསེང་སྐབས་སུ་ཕ་ཡུལ་དུ་བསྐྱོད་ནུས་ཀྱི་མེད་པའི་གནས་སྟངས་ཆགས་ཡོད་འདུག
པདྨ་རྒྱ་མཚོའམ་རྩོམ་པ་པོ་སོ་ལྟ་བ་ལགས་ནི་དགུང་ལོ་ ༣༥ ཡས་མས་དང་ཕ་ཡུལ་མདོ་སྨད་མདོ་ལྷོ་རྨ་ཆུ་ཕྱོགས་ནས་ཡིན་པར་ཁོང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་སློབ་གཉེར་གནང་རྗེས། ཡུལ་ཤུལ་གྱི་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། དབྱར་དགུན་གྱི་གུང་གསེང་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཡིག་རྨོངས་བ་ཚོར་བོད་སྐད་ཡིག་སློབ་འཁྲིད་གནང་ཡོད་འདུག ཁོང་གིས་དེ་སྔོན་སྙན་ངག་མང་པོ་བྲིས་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིག་དྲ་བ་དང་སྤྱི་ཚོགས་དྲ་ལམ་སོགས་སུ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་མང་པོ་སྤེལ་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།