པདྨ་རྡོ་རྗེ་ཡིས་ཤིས་ཚང་དགོན་པ་ནས་རང་ལུས་མེར་བསྲེཊ།

དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་གཞོན་སྐྱེས་པདྨ་རྡོ་རྗེ་ཟེར་བ་ཞིག་གིས་རང་ལུས་མེ་སྲེག་བྱས་ཏེ་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་རྗེས་ས་གནས་རང་དུ་སྐུ་གྲོངས་འདུག

པདྨ་རྡོ་རྗེ་

དེ་ཡང་ཀླུ་ཆུ་བ་ཁག་གཅིག་གིས་གནས་ཚུལ་བཏང་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༨ བོད་ཟླ་ ༡༠ ཚེས་ ༢༥  སྟེ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་ས་གནས་ཀྱི་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་ལ། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤིས་ཚང་ཡུལ་དུ་གཞོན་སྐྱེས་པདྨ་རྡོ་རྗེ་ཟེར་བས་ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ཐང་དུ་རང་ལུས་མེ་སྲེག་བྱས་ཏེ་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་རྗེས་ས་གནས་རང་དུ་སྐུ་གྲོངས་ཡོད་པ་དང་།

རྗེས་སུ་རིམ་པར་གནས་ཚུལ་རྩད་གཅོད་བྱེད་སྐབས། པདྨ་རྡོ་རྗེ་ནི་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་བའི་ཕ་ཨོ་རྒྱན་སྐྱབས་དང་། མ་ཚེ་གཟུངས་འཚོ་གཉིས་ཀྱི་བུ་ཡིན་ལ། ཁོང་ད་ལྟ་རང་ལོ་ ༢༣ དང་། ཁོང་དང་ཁོང་གི་ཁྱིམ་གྱི་འཚོ་ཐབས་ཞིང་བ་ཡིན། ཁོང་ཁ་སང་སྟེ་ཕྱི་ཟླ་ ༡༢ ཚེས་ ༨ བོད་ཟླ་ ༡༠ ཚེས་ ༢༥ ཉིན་རང་གི་སྐྱེས་ཡུལ་ཆོས་འཁོར་སྡེ་བ་ནས་སྤྱི་ལེ་ ༣༠ ལྷག་ཡོད་པའི་ཤིས་ཚང་དགོན་པར་ཆེད་དུ་ཡོང་སྟེ་དགོན་པའི་མདུན་ཐད་ཀྱི་རྩྭ་རའི་ནང་ནས་མེ་སྲེག་གྲ་སྒྲིག་ཆ་ཚང་བྱས་ཤིང་། ཕྱིས་སུ་མེ་སྲེག་གཏོང་མཁན་ཁོ་རང་ཡིན་པར་ཤེས་པའི་ཆེད་ཁོང་གི་འདྲ་པར་ཞིག་དང་ཐོབ་ཐང་ལག་འཁྱེར་གཉིས་འཕྲུལ་རྟའི་སྟེང་དུ་བཞག་འདུག་ཟེར། དེ་ནས་འདུ་ཁང་གི་མདུན་ཐང་དུ་ཡོང་སྟེ་སྐད་ཤུགས་ཆེན་པོས་ལྷ་རྒྱལ་ལོ་ཞེས་དང་། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ནང་དུ་མྱུར་དུ་ཕེབས་དགོས་ཞེས་སྐད་འབོད་བྱས་ཏེ་རང་ལུས་མེ་སྲེག་བཏང་འདུག སྐབས་དེར་ཤིས་ཚང་དགོན་པའི་འདུ་ཁང་དུ་གྲྭ་མང་ཚོགས་འཚོགས་བཞིན་པའི་སྐབས་ཡིན་ལ། ཚོགས་གྲོལ་དུས་ཁོང་ཐང་ལ་འགྱེལ་ཡོད་ལ་ལུས་སྟེང་དུ་མེ་དམར་ལམ་ལམ་འབར་བཞིན་ཡོད་འདུག དེ་མ་ཐག་གྲྭ་མང་གིས་སྨོན་ལམ་གསུངས་ཏེ་ཁོང་གི་སྐུ་ཕུང་སྐྱེས་ཡུལ་ཆོས་འཁོར་སྡེ་བར་གདན་དྲངས་ཡོད་པ་རེད། ད་ལྟ་ཀླུ་ཆུའི་ཤིས་ཚང་ཡུལ་དུ་རྒྱ་ནག་གིས་དམ་དྲག་དང་། བཀག་རྒྱ་ཧ་ཅང་ཆེ་བའི་སྒང་ཡིན་པས་རྗེས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་རྒྱུར་ཡང་དཀའ་བར་གྱུར་ཡོད།

དེ་ལྟར་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེས་རང་ལུས་མེ་སྲེག་བྱས་པ་ནི་ད་སྔ་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེ་སྲེག་བྱས་པ་ཐེངས་གཉིས་པ་ཡིན་ལ། ཁོང་ནི་བོད་ཁམས་སུ་ད་བར་རང་ལུས་མེ་སྲེག་གཏོང་མཁན་གྲངས་༩༣ དེ་རེད། ཤིས་ཚང་ཡུལ་གྱི་རང་ལུས་མེ་སྲེག་ཐེངས་དང་བོར་གཏོང་མཁན་ནི་ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢༢ དགོང་མོར་རང་ལོ་ ༢༣ ཡིན་པའི་ཤིས་ཚང་དཔལ་སྒུར་ནགས་རི་ཚོ་བའི་རྟ་མགྲིན་སྐྱབས་ཡིན་ལ། ཁོ་ནི་བོད་ཁམས་ཀྱི་རང་ལུས་མེ་སྲེག་གཏོང་མཁན་གྲངས་ ༨༠ བ་དེ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org