སྦེལ་ཇམ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོཊ་པ་འཛུཊ་རྒྱུའི་ཞལ་བཞེས་གནང་འདུག

ཡོ་རོབ་སྦེལ་ཇམ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུའི་ཞལ་བཞེས་གནང་འདུག

སྤྱི་འཐུས་རྣམ་པ་ཡོ་རོབ་ལ་སྐོར་བསྐྱོད་སྐབས། ༢༠༡༧།༡༡

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སྦེལ་ཇམ་ནང་འཚམས་གཟིཊ་སུ་ཕེབས་པའི་སྐབས་དང་བསྟུན་སྦེལ་ཇམ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་ཞལ་བཞེས་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཉེ་ཆར་ཡོ་རོབ་རྒྱལ་ཁབ་ཁག་ནང་ཆེད་ཕེབས་ཀྱིས། གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་བཅས་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༡ ་གི་དགོང་དྲོ་ཁོང་རྣམ་པ་སྦེལ་ཇམ་གྱི་རྒྱལ་ས་སྦིར་སེལ་ལ་ཕེབས་པ་དང་། ཕྱི་ཚེས་ ༢༢ ་ཉིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཆོས་དད་རང་དབང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་ནང་ཆོས་དད་རང་དབང་མེད་པའི་སྐོར་གླེང་མོལ་གནང་བའི་རྗེས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ཡིས་གཙོ་སྐྱོང་འོག་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཞི་དང་། གྲོས་ཚོགས་འཐུས་མིའི་སྐུ་ཚབ་བཅུ་གཅིག་བཅས་ཀྱི་ལྷན་བོད་དོན་སྐོར་གླེང་མོལ་དང་འབྲེལ་ཞུ་འབོད་གནང་ཡོད་འདུག
ཕྱི་ཚེས་ ༢༣ ་ཉིན་གྱི་སྔ་དྲོ་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་ཁང་དུ།  འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོའི་གཙོ་སྐྱོང་འོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཉན་ཞིབ་ཚོཊ་འདུ་ཞིག་ཚོགས་གནང་ཡོད་པ་དང་། ཡང་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ་མ་ཟད། སྦེལ་ཇམ་གྲོས་ཚོགས་ཀྱི་ཕྱི་སྲིད་སྡེ་ཚན་གྱི་འཐུས་མི་བཞི་དང་ལྷན་དུ་བོད་དོན་སྐོར་གླེང་མོལ་དང་ཞུ་སྐུལ་གནང་བའི་སྐབས་སུ་སྦེལ་ཇམ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་ཞལ་བཞེས་ཐོབ་གནང་འདུག
གཞན་ཡང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་དབུ་ཁྲིད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་འཚམས་གཟིཊ་སྐབས་སྦེལ་ཇམ་དགོང་དྲོའི་བང་ཆེན་གསར་ཤོག་གི་གསར་འགོད་པས་བོད་ནང་གི་གནས་སྟངས་སྤྱི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལ་བཅར་འདྲིར་དང་ལེན་གནང་ཡོད་འདུག

གསར་འགོད་པ་རྡོ་རྗེ་མཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org