འཕགས་བོད་གཉིས་ཀྱི་ས་མཚམས་སྤང་གོང་མཚོའི་ཉེ་འགྲམ་དུ་རྒྱ་ནག་གིས་རྟེན་གཞི་གསར་པ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པར་ལ་དྭགས་གནས་སྡོད་མི་རྣམས་ནས་སེམས་ཚབས་ཀྱི་རྣམ་པ་གསལ་སྟོན།
འཕགས་བོད་གཉིས་ཀྱི་ས་མཚམས་སྤང་གོང་མཚོའི་ཉེ་འགྲམ་དུ་རྒྱ་ནག་གིས་རྟེན་གཞི་གསར་པ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པར་ལ་དྭགས་གནས་སྡོད་མི་རྣམས་ནས་སེམས་ཚབས་ཀྱི་རྣམ་པ་གསལ་སྟོན།
- 2024-10-17
-
-
-
Your browser doesn’t support HTML5 audio
ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་གར་གྱི་ (NDTV) གསར་འགྱུར་ལས་ཁང་གིས་ལྡི་ལི་ནས་གནས་ཚུལ་སྤེལ་བ་ལྟར་ན།སྲུང་སྐར་པར་རིས་བརྒྱུད་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ས་ཐིག་ཤར་ཕྱོགས་ཀྱི་སྤྱི་ལེ་ ༣༦ རྒྱ་ནག་གིས་བདག་བཟུང་བྱས་པའི་བོད་ཀྱི་ས་ཕྱོགས་སུ་ཡིན་པ་སྤང་གོང་མཚོའི་བྱང་ཕྱོགས་སུ། རྒྱ་ནག་ནས་ཁང་པའི་རྟེན་གཞི་ ༧༠ གསར་རྒྱག་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་བཞིན། གསར་འགྱུར་ལྟར་ན་རྒྱ་ནག་ནས་རྟེན་གཞི་གསར་རྒྱག་བྱས་པ་ནི། དེ་སྔ་ཕྱི་ལོ་༢༠༢༢ ནང་སྤང་གོང་མཚོའི་ཕྱོགས་སུ་ཟམ་པ་གསར་རྒྱག་བྱས་ཡོད་པ་དེ་ནས་སྤྱི་ལེ་ ༡༥ ཙམ་ཡོད་པ་དེ་རྒྱ་ནག་གིས་ས་མཚམས་ཕྱོགས་སུ་ལས་གཞི་གསར་ཤོས་དེ་ཡིན་པ་འཁོད་འདུག
གནས་འཚུལ་དེ་དང་འབྲེལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ཆགས་པའི་ལ་དྭགས་ས་གནས་ཀྱི་མི་རྣམས་ནས་ལྟ་ཕྱོགས་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར། ལ་དྭགས་ཆུ་ཤུལ་ཁུལ་གྱི་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཛིན་སྐྱོང་འཐུས་མི་དཀོན་མཆོག་བསྟན་འཛིན་ལགས་ནས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༢ ནང་སྤང་གོང་མཚོའི་མཚོ་ཉག་ལ་ཟམ་པ་འཛུགས་སྐྲུན་བྱས་ཡོད་པ་དང་།ད་ལན་ཁང་པ་འཛུགས་སྐྲུན་བྱས་ཡོད་པ་དེས། རྒྱ་ནག་གིས་ད་ཆ་རྒྱ་གར་གྱི་ས་ཁུལ་ཧི་མ་ཅཱལ་དང་སི་ཀིམ། ཨུ་ཏར་ཁན། ཨ་རུ་ན་ཅཱལ་དང་ལ་དྭགས་བཅས་སུ་འཛུགས་་སྐྲུན་གྱི་ལས་གཞི་མང་དུ་སྤེལ་བ་མཐོང་གི་འདུག་ཅིང་། རྒྱ་ནག་ནས་ས་མཚམས་ཁུལ་དུ་བཟོ་སྐྲུན་གྱི་ལས་གཞི་མང་དུ་སྤེལ་བཞིན་པ་དེར་རྒྱ་གར་ནས་གནད་འགག་ཅིག་ལ་ངོས་འཛིན་བྱ་དགོས་པ་གསུངས་ཀྱི་འདུག
ཡང་ལ་དྭགས་གནས་སྡོད་བོད་མི་ཚེ་རིང་ཕུན་ཚོགས་ལགས་ཀྱིས། འཕགས་བོད་གཉིས་ཀྱི་ས་མཚམས་ཕྱོགས་སུ་རྩོད་རྙོག་འདྲ་མིན་བྱུང་གི་ཡོད་པ་དེ་ཇི་སྲིད་བོད་ཀྱི་བདེན་འཐའ་མ་སེལ་བར་དེ་སྲིད་མུ་མཐུད་དཀའ་ངལ་དེ་རིགས་འཕྲད་རྒྱུ་ཡིན་པ་གསུངས་ཀྱི་འདུག་ལ། དེ་སྔ་རྒྱ་གར་དམག་མིར་ལོ་ངོ་ ༢༠ ཕྱག་ལས་གནང་མྱོང་མཁན་དང་ ༡༩༦༢ ལོར་རྒྱ་གར་དང་རྒྱ་ནག་དབར་དམག་འཕྲུག་བྱུང་སྐབས་དམག་མི་ཡིན་པ་ད་ཆ་རང་ལོ་ ༨༤ ཡིན་པ་ཀུན་དགའ་ནོར་བུ་ལགས་ནས། དེང་སྐབས་རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་ས་མཚམས་ལ་བརྟེན་པའི་རྩོད་རྙོག་འདྲ་མིན་འབྱུང་བཞིན་པ་དང་རྒྱ་ནག་ནས་ས་མཚམས་ཁུལ་དུ་རྟེན་གཞི་གསར་པ་རྒྱག་བཞིན་ཡོད་པ་དེར་ངའི་ངོས་ནས་ཉེན་ཁ་དམིགས་བསལ་མཐོང་གི་མིན་འདུག་ཀྱང་མ་འོངས་དམག་གི་ཉེན་ཁ་སོགས་མ་བྱུང་བའི་སྨོན་ལམ་འདེབས་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
གནད་དོན་དེ་དང་འབྲེལ་དམག་དོན་ཆེད་མཁས་པས། བཟོ་སྐྲུན་ས་ཚིགས་རེ་རེར་དམག་མི་དྲུག་ནས་བརྒྱད་བར་སྡོད་ཆོག་པ་དང་དངོས་ཟོག་ཏུན་བཅུ་ཡི་མཁོ་ཆས་དངོས་ཟོག་གསོག་ཉར་ཐུབ་པ་དང་། དེའི་ནང་དུ་འབར་མདེལ་དང་མདེའུ་ཡང་ཚུད་ཡོད་སྲིད་པ་བརྗོད་འདུག དེ་བཞིན་འཕྲུལ་ཆས་ལྗིད་པོ་དང་། མཁོ་ཆས་མཛོད་ཁང་ཆེན་པོ་ཡོད་པ་བཅས་ཀྱི་ཆ་ནས་བལྟས་ན་གྲོང་གསེབ་འདིར་གསར་གཏོད་རྒྱ་བསྐྱེད་ཀྱི་ལས་གཞི་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་མངོན་གསལ་ཡིན་པ་ས་ཁམས་བར་སྟོང་པར་རིས་ཆེད་མཁས་པ་ (Damien Symon)ལགས་ཀྱིས་བརྗོད་འདུག
རྩ་བའི་འཕགས་བོད་གཉིས་ཀྱི་ས་འཚམས་ལ་དྭགས་ཉེ་འཁོར་དུ་ཆགས་པའི་སྤང་གོང་མཚོ་ནི།བོད་ཕྱོགས་སུ་བརྒྱ་ཆ་ ༥༠ ལྷག་ཙམ་དང་། རྒྱ་གར་ལ་དྭགས་ཕྱོགས་སུ་མཚོའི་རྒྱ་ཁྱོན་བརྒྱ་ཆ་ ༤༠ ཙམ་ཆགས་ཡོད་ཅིང་། རྒྱ་ནག་དང་རྒྱ་གར་དབར་ལོ་ཤས་ནས་ས་མཚམས་ཕྱོགས་སུ་འབྲེལ་བ་ཇེ་སྡུག་འགྲོ་བཞིན་པའི་བརྒྱུད། རྒྱལ་ཁབ་ཕྱོགས་གཉིས་ཀས་ས་མཚམས་ཁུལ་དུ་དམག་དཔུང་ཇེ་མང་དུ་བཏང་བ་དང་། ཁང་པ་དང་ཟམ་པ། དེ་བཞིན་རྒྱ་ལམ་སོགས་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།