ཨ་རི་དང་ཁེ་ཎ་ཌ་བཅས་སུ་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཆེད་ངོ་རྒོལ་སྐད་འབོད་དང་མར་མེ་ཁྲོམ་སྐོར་གནང་འདུག

རྒྱ་ནག་གཞུང་གིས་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྐུལ་མ་གནང་འདུག

ཨ་རིའི་ནེའུ་ཡོག་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་སྐབས། ༠༥།༡༧།༢༠༢༢ RTYC NYNJ

ཕྱི་ཟླ་༥པའི་ཚེས་༡༧སྟེ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་སྟེ་གར་སོང་ཆ་མེད་གྱུར་ནས་ལོ་ངོ་༢༧ཕྱིན་ཡོད་པ་རེད། ཉིན་དེར་ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་བ་བརྒྱུད། རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེའི་སྐུ་གཟུགས་འཕྲོད་བཞེས་ཀྱི་གནས་སྟངས་དང་ད་ལྟ་ཁོང་གང་དུ་ཡོད་མེད་གསལ་སྟོན་བྱེད་དགོས་བའི་སྐུལ་མ་དང་མཉམ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད། བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་རེ་སྐུལ་གནང་འདུག
ད་དུང་གསར་འགོད་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་དགུང་ལོ་དྲུག་ལ་སོན་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་ཏེ་ཉེས་པ་ཚབས་ཆེ་བསགས་པ་མ་ཟད། ད་བར་རྒྱལ་སྤྱི་མི་མང་གིས་ཁོང་གི་གནས་སྟངས་དང་སྐུ་འཚོ་བཞུགས་ཡིན་མིན་ཙམ་ཡང་ཤེས་ཀྱི་མེད་པའི་བློ་ཚབས་ཡོད་པ་གསལ་བཏོན་གནང་འདུག
ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Michale Brand)་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ནང་། ད་ལྟ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་པའི་དཔང་རྟགས་ཚད་ལྡན་རྒྱ་ནག་གཞུང་ལ་སྟོན་རྒྱུ་མེད་ཅེས་དང་། རྒྱ་ནག་གཞུང་གིས་བསྟུད་མར་ནག་ཉེས་གསོག་བཞིན་པར་རྒྱལ་སྤྱིའི་མི་མང་གིས་བལྟས་ནས་སྡོད་ཐུབ་ཐབས་མེད་པས་དེའི་ཆེད་མཉམ་རུབ་ཀྱི་ལས་འགུལ་སྤེལ་དགོས་པའི་སྐོར་སྐུལ་མ་གནང་ཡོད་པ་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག
དེ་བཞིན་ཉིན་དེར་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་བྱས་ཏེ་ཕྱི་ཟླ་ལྔ་བའི་ཚེས་༡༧ཉིན། ནིའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མི་མི་ཉུང་བ་འཛོམས་ནས་ལག་ཏུ་བོད་ཀྱི་རྒྱལ་དར་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་ཆུང་བའི་སྐབས་ཀྱི་སྐུ་པར་བཟུང་ནས། རྒྱ་ནག་དམར་ཕྱོགས་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་བཙོན་ནས་གློད་གྲོལ་གཏོང་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།


ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ས་གནས་བོད་མི་ཚོས་གཟིག་རྒྱབ་རིན་པོ་ཆེ་དབུ་བཞུགས་ཐོག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་དྲན་གསོ་དང་མགྱོགས་མྱུར་གློད་གྲོལ་ཡོང་སླད་མར་མེ་ཁྲོམ་སྐོར་གནང་ཡོད་པ་རེད། སྐབས་དེར་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ཡིས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཡི་གནད་དོན་ནི་དགོན་པ་སྒེར་དང་ཚོགས་པ་བྱེ་བྲག་པ་གཅིག་གི་གནད་དོན་མ་ཡིན་པར་རྒྱལ་སྤྱིའི་གནད་དོན་དང་འབྲེལ་བ་དང་། དམིགས་གསལ་བོད་མི་གཙོས་ཧི་མ་ལ་ཡི་མི་རིགས་བར་འབྲེལ་བ་དམིགས་གསལ་ཡོད་པས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་མ་ཐོབ་བར་དུ་བོད་མི་ཚོས་ཞུ་གཏུག་དང་ས་གནས་དཔོན་རིགས་ཁག་གི་རྒྱབ་སྐྱོར་འཚོལ་གལ་ཆེ་བས་མུ་མཐུད་དེ་ལྟར་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ། ཨྱོན། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org