རྒྱ་གར་གཞུང་གིས་པ་ལི་སྐད་ཡིག་ལ་ངོས་འཛིན་ཆེ་མཐོང་གནང་བ་ནི། སངས་རྒྱས་ཀྱི་གསུང་རྣམས་དེང་སང་འཛམ་གླིང་ལ་དགོས་མཁོ་ཡོད་པ་དང་། དེ་ལ་གུས་བརྩི་གནང་བ་ཞིག་ཡིན་པ་ཆེད་མཁས་པ་ཚོས་ངོས་འཛིན་གནང་གི་འདུག

རྒྱ་གར་གཞུང་གིས་པ་ལི་སྐད་ཡིག་ལ་ངོས་འཛིན་ཆེ་མཐོང་གནང་བ་ནི། སངས་རྒྱས་ཀྱི་གསུང་རྣམས་དེང་སང་འཛམ་གླིང་ལ་དགོས་མཁོ་ཡོད་པ་དང་། དེ་ལ་གུས་བརྩི་གནང་བ་ཞིག་ཡིན་པ་ཆེད་མཁས་པ་ཚོས་ངོས་འཛིན་གནང་གི་འདུག

FB-Kiren Rijiju

སངས་རྒྱས་ཐུགས་རྗེ་ཅན་ཞལ་བཞུགས་པའི་སྐབས་ནས་རྒྱ་གར་ཡུལ་དབུས་མ་གྷ་ངྷ་སོགས་སུ་བེད་སྤྱོད་གནང་ལམ་ཡོད་པར་གྲགས་པ་དང་། ནང་པའི་ཆོས་ལས་ཉན་ཐོས་ཀྱི་ཐེག་པའམ་འཕགས་པ་གནས་བརྟན་པའི་སྡེ་བ་རྣམས་ཀྱི་སྡེ་སྣོད་གསུམ་ཡོངས་རྫོགས་པ་ལིའི་སྐད་ཡིག་ནང་ཡོད་པ་དེ། རྒྱ་གར་གཞུང་གིས་ཆོས་དང་རིག་གཞུང་གང་གི་ཐད་ནས་ཀྱང་རིན་ཐང་ཆེན་པོ་ཡིན་པར་གཟིགས་ནས། ཟླ་ ༡༠ ཚེས་ ༣ ཉིན་པ་ལིའི་སྐད་ཡིག་ལ་དམིགས་བསལ་སྐད་ཡིག་རྙིང་ཁོངས་དང་ཚད་འཕེར་ཡིན་པའི་ངོས་འཛིན་ཆེ་མཐོང་ཕུལ་ཡོད་པས།ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་“ལོ་རྒྱུས་ཀྱི་གོམ་སྟབས་འདིས། རྒྱ་གར་གྱི་རིག་གཞུང་ཤུལ་བཞག་ལ་ཆེ་མཐོང་དང་འབྱུང་འགྱུར་གྱི་མི་རབས་ཚོའི་ཆེད། སངས་རྒྱས་ཀྱི་གསུང་རབ་ལས་བྱུང་བའི་ཤེས་རབ་རྣམས་གཅེས་སྐྱོང་གི་འབད་བརྩོན་ལ་རྒྱབ་སྐྱོར་མཚོན་གྱིན་ཡོད་པས།རྒྱ་གར་གཞུང་ལ་ཡི་རང་གི་བསྔགས་བརྗོད་”དང་བཀྲ་ཤིས་རྟེན་འབྲེལ་ཞུས་གནང་མཛད་ཡོད་ཅིང་། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་སྐད་ཡིག་དང་རིག་གཞུང་ཆེད་མཁས་པ་ན་ག་སངས་རྒྱས་བསྟན་དར་ལགས་ནས། རྒྱ་གར་གཞུང་གིས་པ་ལི་སྐད་ཡིག་ལ་ངོས་འཛིན་ཆེ་མཐོང་གནང་བ་ནི། སངས་རྒྱས་ཀྱི་གསུང་རྣམས་དེང་སང་འཛམ་གླིང་ལ་དགོས་མཁོ་ཡོད་པ་དང་། རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་ཤིག་ཆགས་ཡོད་སྐོར་བཅས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྱི་འཕགས་པ་གནས་བརྟན་པའི་རྗེས་འཇུག་དགེ་སློང་ཁག་ཅིག་ཟླ་ ༡༠ ཚེས་ ༦ ཉིན། རྒྱ་གར་སྲིད་བློན་ནཱརེན་ཏྲཱི་མོ་དྷི་མཆོག་དང་མཇལ་འཕྲད་ཀྱིས་རྒྱ་གར་གཞུང་གི་ཐག་གཅོད་དེར་བཀའ་དྲིན་རྗེས་དྲན་དང་ཡི་རང་ཆེན་པོ་གནང་ཡོད་པ་མ་ཟད། རྒྱ་གར་གྲོས་ཚོགས་དང་གྲངས་ཉུང་མི་རིགས་ཀྱི་བདེ་དོན་བློན་ཆེན་ Kiren Rijiju ལགས་ནས་ཀྱང་། རྒྱ་གར་གཞུང་གིས་གནའ་བོའི་པ་ལིའི་སྐད་ཡིག་འདི་གཞུང་འབྲེལ་སྐད་ཡིག་རྙིང་ཁོངས་ལ་ངོས་འཛིན་གནང་བ་དེར། རྗེས་སུ་ཡི་རང་གི་བསྔགས་བརྗོད་མཛད་ཡོད་པ་རེད། པ་ལིའི་སྐད་ཡིག་ནི་སྔ་མོ་རྒྱ་གར་ཡུལ་དབུས་ཀྱི་ཡུལ་མི་རང་བཞིན་པའི་སྐད་དང་། བཅོམ་ལྡན་འདས་ཀྱི་གསུང་རབ་རྣམས་ཐོག་མར་ཡིག་ཐོག་ཏུ་འཁོད་པའི་སྐད་ཡིག་ཏུ་བརྩི་སྲོལ་ཡོད་པས། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་དང་སྐད་ཡིག་མཁས་པ་ན་ག་སངས་རྒྱས་བསྟན་དར་ལགས་ནས། རྒྱ་གར་ནི་སངས་རྒྱས་ཀྱི་བསྟན་པའི་འགོ་ཁུངས་ཡིན་པ་དང་སངས་རྒྱས་ཀྱི་ཆོས་སྟོན་པའི་སྐད་ཡིག་རྙིང་ཤོས་པ་ལིའི་ནང་ཡོད་པ་དེས། རྒྱ་གར་གཞུང་གིས་ངོས་འཛིན་འདི་ཧ་ཅང་དམིགས་བསལ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

པ་ལི་སྐད་ཡིག་ནི་རྒྱ་གར་ནང་ཕྱི་ལོའི་དུས་རབས་ ༡༤ ཙམ་ནས་ཉམས་ཆག་ཕྱིན་ཡོད་ནའང་། འཕགས་པ་གནས་བརྟན་པའི་ཆོས་རྒྱུན་འཛིན་པའི་ཡུལ་གྲུ་ཁག་སྟེ་སིངྒ་ལ་དང་ཐེ་ལཎྜི། འབར་མ་དང་ཁོམ་བྷོ་ཛ་སོགས་ཀྱི་ནང་རྒྱུན་འཛིན་སློབ་གཉེར་ད་ལྟ་བར་མ་ཉམས་པར་གནང་གི་ཡོད་པས། རྒྱ་གར་ནང་དུའང་ཕྱི་ལོའི་དུས་རབས་ ༡༩ པ་ནས་བཟུང་པ་ལི་སློབ་གཉེར་གྱི་ལམ་སྲོལ་བསྐྱར་གསོ་གནང་ཐུབ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org