པ་ཀིསྟན་ནང་ཆུ་ལོག་གིས་གནོད་འཚེ་ཚབས་ཆེ་ཕོག་ཡོད་པ།
པ་ཀིསྟན་ནང་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་སྟེ་མི་དམངས་ས་ཡ་ལྔ་ལྷག་ལ་རྒྱལ་སྤྱིའི་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
-
2011-09-11 -
-
-
༄༅༎དེ་རིང་པ་ཀིསྟན་གྱི་སྲིད་བློན་ཡུ་སཕ་ར་ཛ་ཇི་ལ་ནི་ཡིས། ཁོང་གི་རྒྱལ་ཁབ་ནང་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་སྟེ། མི་དམངས་ས་ཡ་ལྔ་ལྷག་ལ་གནོད་འཚེའི་ཤུགས་རྐྱེན་ཐེབས་པ་ཚོར་རྒྱལ་སྤྱིའི་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
ཉེ་ཆར་པ་ཀིསྟན་ནང་དུ་དབྱར་དུས་ཀྱི་ཆར་ཞོད་ཀྱི་རྐྱེན་པས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ཟླ་བ་གཅིག་གི་ནང་ལ་ཁྱོན་མི་༡༣༨ རྐྱེན་ལམ་དུ་ཕྱིན་པ་དང༌། མི་དམངས་ས་ཡ་ལྔ་ལྷག་ལ་དཀའ་ངལ་འཕྲད་བཞིན་ཡོད་ཅིང༌། དམིགས་བསལ་པ་ཀིསྟན་གྱི་ལྷོག་ཕྱོགས་ཞིང་ཆེན་སིནརྡ་ ཞེས་པའི་ནང་ཆུ་ལོག་གི་གནོད་འཚེ་སྡུག་ཤོས་བྱུང་སྟེ། མི་དམངས་ཀྱི་སྡོད་ཁྱིམ་སྟོང་ཕྲག་མང་པོར་གནོད་སྐྱོན་བཟོས་པ་དང༌། སྟོན་ཐོག་གི་ས་ཞིང་གཞི་རྒྱ་ཆེན་པོ་རྩ་མེད་དུ་ཕྱིན་ཡོད་པ་རེད། དེར་བརྟེན་རེས་གཟའ་སྤེན་པའི་ཉིན་པ་ཀིསྟན་སྲིད་བློན་གྱིས་རྒྱལ་ཡོངས་སུ་གསུང་བཤད་གནང་བའི་སྐབས། རྒྱལ་སྤྱིའི་ཚོགས་པ་ཁག་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་གནོད་འཚེ་ཕོག་པའི་མི་དམངས་ཚོར་ཐུགས་འཁུར་ཆེ་བཞེས་དགོས་པའི་འབོད་སྐུལ་གནང་བ་དང༌། ཁོང་གི་རྒྱལ་ཁབ་ངོས་ནས་ཀྱང༌། རྒྱལ་སྤྱིའི་སྤྱི་ཚོགས་དང་ཚོགས་པ་ཁག་གིས། པ་ཀིསྟན་གྱི་སྲིད་འཛིན་མཆོག་ནས། རེ་འདུན་ཞུས་པ་ཁག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་དགོངས་བཞེས་གནང་བའི་ཡིད་ཆེས་བརྟན་པོ་ཞུ་བཞིན་ཡོད་ལ། ཆུ་ལོག་གི་གནོད་འཚེ་ཕོག་པ་ཚོའི་གནས་སྟངས་བསྐྱར་གསོ་ཡོང་ཐབས་ཀྱི་ཐོག་ལ་འཕྲལ་མ་ཉིད་དུ་རོགས་སྐྱོར་གྱི་ལས་དོན་ལག་བསྟར་གནང་རྒྱུའི་ཡིད་ཆེས་ཀྱང་ཡོད་ཅེས་གསུང་ཡོད་པ་རེད།།