བོད་དང་ལྷོ་སོག་པོ་ཡུ་གུར་བཅས་ཀྱི་ཚོགས་པ་བརྒྱ་ལྷག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གཞུང་ལ་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཧཱ་ཌ་ལགས་མྱུར་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ།
བོད་དང་ནང་སོག དེ་བཞིན་ཡུ་གུར་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་བརྒྱ་ལྷག་གིས། རྒྱ་ནག་གི་བཙོན་འཇུག་དང་བཀག་ཉར་འོག་ལོ་ངོ་ ༣༠ ལྷག་མནར་གཅོད་མྱོང་བ་དང་། ད་ལྟའི་ཆར་འཕྲོད་བསྟེན་བདེ་ཐང་མེད་པར་ཆགས་ཏེ་སྨན་ཁང་དུ་ལྷག་ཡོད་པ། ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཧཱ་ཌ་ (Hada) ལགས་མྱུར་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ་བྱས་འདུག
- 2025-04-15
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༤ ཉིན། བོད་དང་ནང་སོག དེ་བཞིན་ཡུ་གུར་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་བརྒྱ་ལྷག་གིས། རྒྱ་ནག་གི་བཙོན་འཇུག་དང་བཀག་ཉར་འོག་ལོ་ངོ་ ༣༠ ལྷག་མནར་གཅོད་མྱོང་བ་དང་། ད་ལྟའི་ཆར་འཕྲོད་བསྟེན་བདེ་ཐང་མེད་པར་ཆགས་ཏེ་སྨན་ཁང་དུ་ལྷག་ཡོད་པ། ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཧཱ་ཌ་ (Hada) ལགས་མྱུར་དུ་གློད་བཀྲོལ་དང་། ཁོང་གི་ཞིབ་ཕྲའི་གནས་སྟངས་གསལ་བཤད་དགོས་པའི་ཞུ་སྐུལ་བྱས་ཡོད་ཅིང་། གནད་དོན་དེའི་སྐོར་ལ་ཐེངས་འདིར་རྒྱ་ནག་གཞུང་ལ་ཞུ་སྐུལ་ཁྲོད་མཉམ་ཞུགས་བྱས་ཡོད་པའི་བོད་ཀྱི་ཚོགས་པ་ཉི་ཤུ་ཡོད་པ་ལས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ཀྱིས། ཐེངས་འདིར་ཧཱ་ཌ་ལགས་སུ་རྒྱབ་སྐྱོར་ཆེད་མཉམ་ཞུགས་བྱེད་དོན་གཙོ་བོ་ནི། རྒྱ་ནག་གཞུང་གི་དྲག་གནོན་འོག་ཏུ་བོད་པ་གཅིག་པུ་ཙམ་མ་ཡིན་པར། སོག་པོ་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་མང་དག་ཅིག་ཡང་གཅིག་མཚུངས་ཀྱི་མནར་གཅོད་མྱོང་བཞིན་ཡོད་པས། རྒྱ་ནག་གཞུང་གིས་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཧཱ་ཌ་ལགས་གཙོས་རྒྱ་ནག་གི་མནར་གཅོད་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་ཆེད་འབོད་སྐུལ་ཞུ་བཞིན་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཚོགས་པ་བརྒྱ་ལྷག་གི་དེ་འབྲེལ་མཉམ་འབྲེལ་ཡོངས་ཁྱབ་ཞུ་སྐུལ་ཡི་གེ་ཞིག་བཏང་ཡོད་པའི་ནང་། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༦ ནས་བཟུང་ཧཱ་ཌ་ལགས་གར་སོང་ཆ་མེད་དུ་གྱུར་ཏེ། ད་ཆ་ཁོང་ཉིད་ཀྱི་འཕྲོད་བསྟེན་གནས་བབ་ཛ་དྲག་ཏུ་གྱུར་ནས་སྨན་ཁང་དུ་སྐྱེལ་དགོས་པའི་གནས་སྟངས་འོག་ལྷུང་ཡོད་པས། རྒྱ་ནག་གཞུང་ངོས་ནས་ཆ་རྐྱེན་གང་ཡང་མེད་པར་ཁོང་གློད་བཀྲོལ་དང་ཁོང་གང་དུ་ཡོད་སྐོར་གསལ་བཤད་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཁོང་གི་ནང་མིའི་གཞི་རྩའི་ཐོབ་ཐང་སླར་གསོ་དགོས་པའི་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གཞུང་གིས་ལོ་ངོ་སུམ་ཅུའི་རིང་ཧཱ་ཌ་དང་ཁོང་གི་ནང་མི་ཚོར་སྡུག་སྦྱོང་དང་མནར་གཅོད་བཏང་བར་འགན་འཁུར་དགོས་པའི་ཞུ་སྐུལ་དགོས་པ་བཅས། དོན་ཚན་གསུམ་གྱི་ལམ་ནས་འབོད་སྐུལ་ཞུས་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་ཁོང་གི་བཟའ་ཟླ་ཞེན་ནཱ་ (Xinna) ལགས་དང་བུ་ཕྲུག་ (Uiles) ལགས་གཉིས་ལ་འདས་པའི་ལོ་ངོ་ ༣༠ རིང་སུན་གཙེར་དང་འདྲི་རྩད། བཀག་ཉར་སོགས་བྱས་ཡོད་པ་བཅས་བཀོད་འདུག
རྒྱ་ནག་གཞུང་གིས་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཧཱ་ཌ་ལགས་སུ། ཕྱི་ལོ་ ༡༩༩༥ ལོར་ཁ་བྲལ་རིང་ལུགས་དང་སོ་མྱུལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས། ལོ་ངོ་ ༡༥ རིང་བཙོན་འཇུག་རྗེས། ཕྱི་ལོ་ ༢༠༡༠ ལོར་ཁོང་གི་བཙོན་འཇུག་དུས་ཡུན་ཚང་ནའང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས་སྟངས་འཛིན་འོག་ལོ་ ༤ རིང་ཁྲིམས་ཐག་མ་བཅད་པར་བཀག་ཉར་དང་འབྲེལ། འདས་པའི་ལོ་ངོ་ ༡༡ རིང་གསང་བའི་ངང་བཟང་བཙོན་འོག་ཉར་ཡོད་པ་རེད་ལ། ཐེངས་འདིར་ (Southern Mongolian Human Rights Information Center) ཞེས་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རང་དབང་སྲུང་སྐྱོབ་པ་ཚོར་གསལ་བསྒྲགས་འདིར་མིང་བཀོད་དེ་འཕྲལ་དུ་ལས་འགུལ་སྤེལ་རོགས་ཞེས་འབོད་སྐུལ་གྱིས། ཧཱ་ཌ་དང་ཁོང་གི་ནང་མི་ལ་གདུང་སེམས་མཉམ་སྐྱེད་ཞུ་བ་དང་། དྲང་བདེན་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཆེ་མཐོང་བཅས་ཀྱི་དགོས་འདུན་ལ་རྒྱབ་སྐྱོར་ཤུགས་ཆེར་ཡོང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་འབོད་སྐུལ་ཞུས་འདུག
ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཧཱ་ཌ་ལགས་ནི་ཕྱི་ལོ་ ༡༩༥༥ ལོར་སྐུ་འཁྲུངས་ཤིང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཀག་བསྡོམས་འོག་ཡོད་པའི་ལྷོ་སོག་པོའི་མང་གཙོ་མནའ་འབྲེལ་ཚོགས་པ་(Southern Mongolian Democratic Alliance) གསར་འཛུགས་མཁན་དང་། སྐུ་ཚེ་ཧྲིལ་པོར་ལྷོ་སོག་པོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད། ལྷོ་སོག་པོའི་སྐད་ཡིག་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་བློས་གཏོང་ཤུགས་ཆེར་གནང་བས། རྒྱལ་སྤྱིའི་སྟེང་ཁོང་ལ་ཆེ་མཐོང་ཤུགས་ཆེར་ཡོད་པ་མ་ཟད། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ཁོང་ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་མིང་འདོན་གནང་བ་སོགས་བྱས་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།