རྒྱ་ནག་ཏུ་མིའི་ནང་ཁྲོལ་ཚོང་བསྒྱུར།

རྒྱ་ནག་ནང་མིའི་མཆིན་པ་དང་མཁལ་མ་སོགས་པའི་གཟུགས་པོའི་ནང་ཆ་ཚོང་བསྒྱུར་བྱེད་རྒྱུའི་ཐད་དམ་བསྒྲགས་བྱེད་རྒྱུའི་གནས་ཚུལ།

༄༅༎རྒྱ་ནག་ནང་མིའི་མཆིན་པ་དང་མཁལ་མ་སོགས་པའི་གཟུགས་པོའི་ནང་ཆ་ཚོང་བསྒྱུར་བྱེད་རྒྱུའི་ཐད་དམ་བསྒྲགས་བྱེད་རྒྱུ་དང་གཟུགས་པོའི་ནང་ཆ་དགོས་མཁོ་ཡོད་མཁན་ཚོར་དོན་དངོས་ཀྱི་ཐོག་ནས་ཞལ་འདེབས་སློང་རྒྱུའི་ལས་དོན་གསར་འཛུགས་བྱེད་རྒྱུ་ཡིན་ལུགས་གནས་ཚུལ་འཁོད་འདུག

རྒྱ་ནག་ནང་ལོ་ལྟར་མི་མང་ས་ཡ་གཅིག་ལྷག་ཙམ་ལ་མིའི་མཆིན་པ་དང་མཁལ་མ་ལ་སོགས་པའི་གཟུགས་པོའི་ནང་ཆ་དགོས་མཁན་ཡོད་རུང་དེའི་ནང་ནས་འབྱོར་ལྡན་གྱི་མི་མང་ཁྲི་གཅིག་ཙམ་མ་གཏོགས་ནང་ཆ་ཉོ་སྒྲུབ་བྱེད་ཐུབ་ཀྱི་མེད་པ་རེད་ཅེས་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་ཡོད་པ་རེད། ད་ཆ་རྒྱ་ནག་ནང་ཁྲིམས་འགལ་གྱི་ཐོག་ནས་མིའི་གཟུགས་པོའི་ནང་ཆ་ཚོང་བསྒྱུར་བྱེད་མཁན་དང་ཕྱི་རྒྱལ་ཁག་ཏུ་དབོར་འདྲེན་བྱེད་རྒྱུའི་ལས་འགུལ་ཁག་དམ་བསྒྲགས་བྱ་རྒྱུའི་ཐོག་རྒྱ་ནག་རྒྱལ་ཡོངས་ནང་མིའི་གཟིགས་པོའི་ནང་ཆ་དགོས་མཁོ་ཡོད་མཁན་ཚོར་རང་བཞིན་གྱིས་ཞལ་འདེབས་འབུལ་རྒྱུའི་ལས་འགུལ་ཐོག་མ་དེ་རྩོམ་རྒྱུ་ཡིན་ལུགས་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་བློན་ཆེན་གཞོན་པ་ཧུང་ཅི་ཕུའུ་ཡིས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་གསལ་སྟོན་གནང་ཡོད་པ་རེད། ཁོང་གིས་མུ་མཐུད་གསུངས་ན་ད་བར་རྒྱ་ནག་ནང་མིའི་གཟིགས་པོའི་ནང་ཆ་ཚོང་བསྒྱུར་བྱ་རྒྱུའི་ཐད་ནག་ཅན་བཙོན་པ་སྲོག་ཐོག་བཏང་ནས་ནག་ཅན་པ་དེ་ཚོའི་གཟུགས་པོའི་ནང་ཆ་དེ་གཞན་ནང་ཆ་དགོས་མཁན་གྱི་འབྱོར་ལྡན་མི་སྣ་ཁག་དང་དེ་བཞིན་ཕྱི་རྒྱལ་མི་སྣ་ཁག་ལ་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་རེད། ནག་ཅན་བཙོན་པ་སྲོག་ཐོག་བཏང་ནས་དེའི་གཟུགས་པོའི་ནང་ཆ་ཕྱིར་ཚོང་བྱས་པ་དེ་ཁྲིམས་དང་མཐུན་པའི་ཚད་ལྡན་གྱི་འབྱུང་ཁུངས་ཞིག་མིན་པ་རེད་ཅེས་རྒྱ་ནག་ཉིན་རེའི་གསར་འགྱུར་བརྒྱུད་ལམ་ཐོག་གསལ་སྟོན་གནང་ཡོད་པ་དེ་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་ད་རེས་གནས་ཚུལ་དེ་རིགས་ངོས་ལེན་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན་ཕྱི་ལོ་ཉིས་སྟོང་བདུན་ལོ་ནས་རྒྱ་ནག་ནང་མིའི་གཟུགས་པོའི་ནང་ཆ་ཚོང་བསྒྱུར་བྱེད་རྒྱུའི་ལས་དོན་མཚམས་འཇོག་བྱས་ཡོད་ཀྱང་ཁྲིམས་འགལ་གྱི་ཐོག་ནས་མི་གསོན་པོའི་གཟུགས་པོའི་ནང་ཆ་ཕྱི་རྒྱལ་ནས་རྒྱ་ནག་ནང་ཡུལ་སྐོར་དུ་ཡོང་མཁན་ཚོར་ཚོང་བསྒྱུར་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད། ད་ཆ་ཁྲིམས་འགལ་གྱི་བྱ་སྤྱོད་དེ་རིགས་ཀྱི་ཐོག་དམ་བསྒྲགས་བྱས་ནས་མིའི་གཟུགས་པོའི་ནང་ཆ་དགོས་མཁོ་ཡོད་པའི་མི་སྣ་དབུལ་ཕྱུག་དབྱེ་མེད་ཀྱི་ཐོག་ཚང་མར་རང་འགུལ་གྱི་སྒོ་ནས་ཞལ་འདེབས་འབུལ་ཐུབ་རྒྱུའི་ལས་དོན་བརྩམས་རྒྱུ་ཡིན་ལུགས་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་བློན་ཆེན་གཞོན་པས་དེ་རིང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་གསལ་སྟོན་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org