རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཡིག་འཕྲིན་སྟེགས་ལུག་ཚང་དཔལ་ཡོན་སྒོ་བརྒྱབ་བཅུག་ཡོད་འདུག

འཕྲིན་སྟེགས་དེ་སྒོ་བརྒྱབ་པས་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ཀྱི་ལས་རྟགས་དང་སྒོ་བརྒྱབ་རྒྱུའི་བརྡ་ཁྱབ། མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༤ ཚེས་མགོར་རྒྱ་ནག་གཞུང་འབྲེལ་ངོས་ནས། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོའི་སྡེ་རུ་དགའ་མོས་དང་ལྟ་བཤེར་བྱེད་མཁན་ཤུགས་ཆེར་ཡོད་པ། བོད་ཡིག་རྐྱང་བའི་རྩོམ་ཡིག་དང་། ཤེས་བྱ་ཀུན་བཏུས། བོད་ཡིག་དང་རྒྱ་ཡིག་གི་ཡིག་སྒྱུར་མཉེན་ཆས། བོད་སྐད་ཀྱི་ལམ་ནས་སྒྲ་སྒམ་སོགས་ལྟ་ཉན་བྱེད་གནས་ཀྱི་བོད་ཡིག་ལུག་ཚང་དཔལ་ཡོན་འཕྲིན་སྟེགས་སྒོ་བརྒབ་ཡོད་པ་དང་། སྐད་འཕྲིན་གཞུང་ཕྱོགས་ནས་ལུག་ཚང་དཔལ་ཡོན་གྱི་དྲ་སྒོ་ཡོངས་སུ་བཀག་སོང་བས། ངེད་ཀྱིས་ཞུ་འབོད་གནང་ངེས་ཀྱང་རེ་བ་དེ་ཙམ་མེད་སྐོར། ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ་འགྲེལ་བརྗོད་བྱས་འདུག་ལ། ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་བེ་རི་འཇིག་མེད་ལགས་ནས། འཕྲིན་སྟེགས་དེ་ནི་འདས་པའི་ལོ་ཤས་རིང་བོད་ཕྱི་ནང་གཉིས་སུ་རྩོམ་ཡིག་རྒྱུན་ཆད་མེད་པར་སྤེལ་ས་ཞིག་ཡིན་པས། འཕྲིན་སྟེགས་དེ་སྒོ་བརྒྱབ་པས་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།  

དེ་བཞིན་ཕྱི་ཟླ་ ༤ཚེ ས་ ༢ ཉིན་ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ཀྱི་ངོས་ནས་དེ་འབྲེལ་གྱི་བརྡ་ཁྱབ་ཅིག་བཏང་བའི་ནང་། སྐད་འཕྲིན་གཞུང་ཕྱོགས་ནས་ལུག་ཚང་དྲ་ཚོམས་ཀྱི་ནང་དོན་ཡོངས་རྫོགས་བཀག་སྡོམ་བྱས་སོང་བ་དང་། འཕྲིན་སྟེགས་དེའི་ནང་དུ་རྩོམ་ཡིག་སོགས་སྤེལ་གྲངས་ཁྲི་གཅིག་བརྒལ་བ་བྱུང་ཡོད་པ་དང་། ལུག་ཚང་འཕྲིན་སྟེགས་ཀྱི་ཆེ་མཐོང་དང་རིན་ཐང་སླར་གསོའི་ཆེད། ང་ཚོས་སྐད་འཕྲིན་གྱི་ཞུ་གཏུག་ཐབས་ལམ་བརྒྱུད་དྲ་ཚོམས་སླར་གསོའི་ལས་དོན་ཐད་སྙན་ཞུ་བརྒྱབ་ཟིན་པ་ཡིན། གལ་སྲིད་དྲ་ཚོམས་སླར་གསོ་ཐུབ་པ་བྱུང་ན། ང་ཚོས་གསར་རྩོམ་པ་རེ་རེའི་ཁེ་དབང་ལ་ནན་ཏན་གྱིས་བརྩི་བཀུར་བྱ་རྒྱུ་ཡིན། གལ་སྲིད་དྲ་ཚོམས་སླར་གསོ་མ་ཐུབ་ཚེ། སྐད་འཕྲིན་གཞུང་ཕྱོགས་ཀྱི་ཐག་གཅོད་ཡོངས་སུ་དང་ལེན་བྱ་རྒྱུ་ཡིན་སྐོར་བཀོད་འདུག

ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ནི་ཐོག་མར་དྲ་རྒྱའི་ངོ་བོར་བཟོ་སྐྲུན་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་སྐད་འཕྲིན་གྱི་ལམ་ནས་འཕྲིན་སྟེགས་ཀྱི་ངོ་བོར་བཅོས་ཏེ། འདས་པའི་ལོ་ངོ་ ༡༡ ལྷག་རིང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པའི་བརྩམས་ཆོས་སྣ་ཚོགས་སྤེལ་བས། ཀློག་པ་པོའི་ཁྲོད་དགའ་མོས་དང་ཆེ་མཐོང་གནང་མཁན་ཤུགས་ཆེར་བྱུང་ཡོད་པ་རེད། ཡང་ཁོ་ཚོའི་སྤེལ་བའི་བརྡ་ཁྱབ་ནང་མུ་མཐུད། ལུག་ཚང་འཕྲིན་སྟེགས་ནི་རྒྱུན་དུ་པར་དབང་དང་བརྩམས་ཆོས་ཀྱི་ཐོག་མའི་རིན་ཐང་ལ་བརྩི་སྲུང་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་པར་དབང་དང་གསར་རྩོམ་པའི་བར་གྱི་གལ་ཆེའི་དོན་སྙིང་གསལ་པོ་ཤེས་ཀྱི་ཡོད། འདས་པའི་ལོ་ངོ་ ༡༡ རིང་ཚ་ཚ་འུར་འུར་གྱིས་བོད་སྐད་ཡིག་དང་རིག་གཞུང་ཐོག་ཕྱག་ལས་གནང་རྒྱུའི་རྩ་ཆེའི་གོ་སྐབས་བསྐྲུན་པས། ལོ་ངོ་དེ་དག་ནང་ལུག་ཚང་དཔལ་ཡོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཀློག་པ་པོ་དང་རྩོམ་པ་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ལུག་ཚང་དཔལ་ཡོན་འཕྲིན་སྟེགས་སྒོ་བརྒྱབ་པའི་བརྡ་ཁྱབ་དེ་བཏང་རྗེས། བོད་ནང་གི་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་སོགས་སུ་འཕྲིན་སྟེགས་དེའི་ཀློག་པ་པོ་མང་པོས་བློ་ཕམ་གྱི་ཡིག་རིགས་སྣ་ཚོགས་སྤེལ་བཞིན་འདུག་པ་ལས། བོད་མི་ཞིག་གིས་མ་འོངས་པར་ང་ཚོར་བོད་ཡིག་ཙམ་ཡང་འབྲི་མི་ཆོག་པའི་དུས་ཤིག་ཤར་ངེས་རེད་འདུག་ཅེས་བཀོད་འདུག་ལ། ཡང་བེ་རི་འཇིག་མེད་ལགས་ནས་མུ་མཐུད་བོད་ནང་གི་འཕྲིན་སྟེགས་ཁག་ལས་ལུག་ཚང་དེ་རྩོམ་ཡིག་ལྟ་ཀློག་བྱེད་གནས་གལ་གནད་ཆེ་ཤོས་ཤིག་དང་རྩོམ་ཡིག་སྤེལ་གྲངས་མང་ཤོས་ཤིག་ཆགས་ཡོད་པས། བོད་ཕྱི་ནང་གཉིས་སུ་ལྟ་ཀློག་གྲངས་མང་ཤོས་ཤིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

སྤྱིར་རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར། ཕྱི་ལོ་ ༢༠༢༡ ལོར་བོད་ནང་གི་བོད་ཡིག་དྲ་རྒྱ་ཆེ་ཤོས་བཙན་པོ་དྲ་རྒྱ་སྒོ་བརྒྱབ་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༢ ལོར་བོད་ནང་གི་བོད་ཡིག་གི་ཐད་གཏོང་སྤྱི་ཚོགས་དྲ་ལམ་གངས་དབྱངས་སྒོ་བརྒྱབ་བཅུག་ཡོད་པ་མ་ཟད། རྒྱ་ནག་རང་གི་བཟོ་སྐྲུན་བྱས་པའི་དྲ་ལམ་ཁག་ཏུ་བོད་ཡིག་དང་བོད་སྐད་སྤྱོད་མི་ཐུབ་པའི་གནས་སྟངས་མུ་མཐུད་བྱུང་གི་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org