ས་རྩོད་བྱུང་ནས་མི་གཅིག་བསད་པ་དང་མང་པོ་རྨས་འདུག

རེབ་གོང་དུ་སྡེ་བ་གཉིས་བར་ས་ཆ་རྩོད་གླེང་གི་འཁྲུག་འཛིང་བྱུང་ནས་མི་གཅིག་བསད་པ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག

རེབ་གོང་གི་དཔྱི་ས་རོང་སྡེ་བ་དང་མདོ་བ་རོང་སྡེ་བ་གཉིས་བར་འཁྲུག་རྩོད་བྱུང་ཡུལ། ༢༠༡༧།༣།༢༠ བོད་འབྱོར།

རེབ་གོང་དུ་སྡེ་བ་གཉིས་བར་ས་ཆ་རྩོད་གླེང་གི་འཁྲུག་འཛིང་བྱུང་ནས་མི་གཅིག་བསད་པ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། འདི་ཚེས ༢༠ཉིན་གྱི་སྔ་དྲོར་རེབ་གོང་གི་དཔྱི་ས་རོང་སྡེ་བ་དང་། མདོ་བ་རོང་སྡེ་བ་གཉིས་བར་འཁྲུག་རྩོད་བྱུང་སྟེ། དཔྱི་ས་སྡེ་བའི་སྐྱེས་པ་གཅིག་གི་ཚེ་སྲོག་ཤོར་བ་དང་བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་བཟོས་ཏེ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་མ་ཟད། དེའི་ནང་ནས་བུད་མེད་ཅིག་གི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྡེ་བ་འདི་གཉིས་བར་ས་འབྲེལ་ཡིན་པ་དང་། སྡེ་བ་འདི་གཉིས་ཀྱི་ས་མཚམས་སུ་ཆུ་ཁོལ་ཞེས་ནད་རིགས་འདྲ་མིན་ལ་ཕན་པའི་ཆུ་ཚན་ཞིག་ཡོད་པ་དེར། མདོ་བ་སྡེ་བས་ཁང་བ་གསར་རྒྱག་བྱས་བར་བརྟེན། ས་ཆའི་བདག་དབང་སྐོར་ལ་རྩོད་རྙོག་བྱུང་ནས་འཁྲུག་འཛིང་ཤོར་ཡོད་པ་རེད།
སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་བརྙན་ཐུང་ཁག་གི་ནང་དུ། མི་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་འུར་འུར་ཟང་ཟིང་ཆགས་འདུག་ཀྱང་། ས་གནས་སྲིད་གཞུང་གིས་བར་འདུམ་བྱེད་མཁན་སླེབས་མེད་པར་བརྟེན། ས་གནས་བོད་མི་ཞིག་གིས་རྒྱལ་ཁབ་ཟེར་བ་དེ་ཤི་སོང་བ་ཡིན་ནམ། ཞེས་སྐྱོན་བརྗོད་བྱེད་བཞིན་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་སླེབས་ནས་ད་ལྟའི་ཆར་མི་བཅུ་གྲངས་ཞིག་འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ་དཔལ་ལྡན་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org