ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་མཇལ་འཕྲད།

ཨ་མེ་རི་ཁའི་སྲིད་འཛིན་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་འདུག

༄༅༎ཨ་མེ་རི་ཁའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་འདུག ༧གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང༌། སྒྲོལ་དཀར་ཚེ་དབང་བསྩལ་གནང་བ་དང་། མི་མང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་བཅས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་འཕྲལ་ཉིན་རྒྱབ་༧གོང་ས་མཆོག་ཨ་མེ་རི་ཁའི་ཕོ་བྲང་དཀར་པོར་ཆིབས་བསྒྱུར་གནང་སྟེ་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་མཇལ་འཕྲད་དུས་ཡུན་སྐར་མ་༤༥་ཙམ་རིང་གནང་འདུག

༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་གནང་བ་འདིས་ཨ་རིའི་སྲིད་འཛིན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྒྱུན་འཛིན་གནང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་གསལ་བཏོན་གནང་བ་རེད་ཅེས་སྲིད་འཛིན་ལས་ཁུངས་ཀྱི་གསལ་བསྒྲགས་ནང་བཀོད་འདུག ཨ་རིའི་སྲིད་འཛིན་གྱིས་བོད་རྒྱའི་དབར་མི་མཐུན་པའི་དཀའ་རྙོག་རྣམས་སེལ་ཐབས་སུ་༧གོང་ས་ཏྭ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོལ་མོལ་གནང་རྒྱུར་སྲིད་འཛིན་གྱིས་རྒྱུན་སྲིང་ནས་རྒྱབ་སྐྱོར་གནང་རྒྱུར་གསལ་བཏོན་གནང་གི་རེད་ཅེས་སྲིད་འཛིན་ལས་ཁུངས་ཀྱི་གསལ་བསྒྲགས་ནང་བཀོད་ཡོད་པ་རེད། ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་གཉིས་མཇལ་འཕྲད་གྲུབ་མཚམས་༧གོང་ས་མཆོག་གིས་གསར་འགོད་པར་གསུངས་པར། མང་གཙོའི་ལམ་ལུགས་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པས། རང་བཞིན་གྱིས་འགྲོ་བ་མིའི་གཞི་རིམ་ཐོབ་ཐང་དང་།   འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་གཙིགས་ཆེར་འཛིན་གྱི་འདུག་ཅེས་དང༌།  བོད་ནང་བོད་མིའི་དཀའ་སྡུག་ལ་རང་བཞིན་གྱིས་ཁ་ཞེ་གཉིས་མེད་ཀྱི་ཐུགས་འཚབ་གནང་གི་འདུག་ཅེས་༧གོང་ས་མཆོག་གིས་གསར་འགོད་པར་བཀའ་གནང་འདུག ཡང་༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་འགྲོ་བ་མི་གཅིག་འགྱུར་ཡིན་པའི་ཆ་ནས་ཐུགས་ཉེ་བའི་འཚོར་སྣང་བྱུང་ཞེས་གསུངས་གནང་བ་སོགས་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org