བོད་རྒྱ་ཡིག་རིཊ་གཉིས་ཀ་བེད་སྤྱོད་གཏོང་དགོས་བའི་བརྡ་ཁྱབ་སྤེལ་བ།

རེབ་གོང་རྫོང་སྲིད་གཞུང་གིས་བོད་རྒྱ་ཡིག་རིགས་གཉིས་ཀ་བེད་སྤྱོད་གཏོང་དགོས་ཐོག་བོད་ཡིག་གོང་དུ་འབྲི་དགོས་པའི་བརྡ་ཁྱབ་སྤེལ་འདུག

རེབ་གོང་ཐུན་རིན་རྫོང་སྲིད་གཞུང་གིས་རྒྱ་ཡིག་ཐོག་བརྡ་ཁྱབ། ༢༠༡༦།༡།༡༡ བོད་འབྱོར།

རེབ་གོང་ཐུན་རིན་རྫོང་སྲིད་གཞུང་གིས་བོད་རྒྱ་ཡིག་རིགས་གཉིས་ཀ་བེད་སྤྱོད་གཏོང་དགོས་ཐོག་བོད་ཡིག་གོང་དུ་འབྲི་དགོས་པའི་བརྡ་ཁྱབ་སྤེལ་འདུག
དེ་ཡང་འདི་ཚེས་༡༡ཉིན་མདོ་སྨད་རེབ་གོང་ཐུན་རིན་རྫོང་སྲིད་གཞུང་གིས་རྒྱ་ཡིག་ཐོག་བརྡ་ཁྱབ་ཞིག་སྤེལ་བའི་ནང་། ཐུན་རིན་རྫོང་ཁོངས་ལས་ཁུངས་ཁག་དང་། ཁེ་ལས་ཁང་ཁག་གིས་སྒོ་བྱང་སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀ་བེད་སྤྱོད་གཏོང་དགོས་པ་མ་ཟད། བོད་ཡིག་གོང་དང་མདུན་དུ་འབྲི་དགོས་པའི་བརྡ་ཁྱབ་སྤེལ་ཡོད་པ་དང་། བརྡ་ཁྱབ་ནང། བོད་ཡིག་བཀོལ་སྤྱོད་ཀྱི་བྱ་བ་ཚད་ལྡན་དང་ཤུགས་སྣིན་གཏོང་ཆེད། སྲིད་འཛིན་སྡེ་ཁག་དང་ལས་ཁུངས་ཁག ཁེ་གཉེར་ཁང་བཅས་ནས་གཞུང་ཐམ་དང་། སྒོ་བྱང་། གཞུག་ཡིག་ཁ་བྱང་། འགྲེམ་བརྡ་སོགས་སུ་ངེས་བར་དུ་བོད་རྒྱ་ཡིག་རིགས་གཉིས་བཀོལ་དགོས་བ་མ་ཟད། སྒོར་ཚུགས་ཅན་གྱི་ཡི་གེ་འབྲི་དུས་བོད་ཡིག་ཕྱི་མ་དང་། རྒྱ་ཡིག་ནང་མ་བྱེད་དགོས། དྲང་གཤིབ་ཅན་གྱི་ཡི་གེ་འབྲི་དུས་བོད་ཡིག་གོང་མ་དང་རྒྱ་ཡིག་འོག་མ་བྱེད་དགོས། ད་དུང་གཞོགས་གཉིས་ཅན་གྱི་ཡི་གེ་འབྲི་དུས་བོད་ཡིག་གཡོན་ཕྱོགས་དང་རྒྱ་ཡིག་གཡས་ཕྱོགས་སུ་འབྲི་དགོས་ལ་ཡིག་རིགས་གཉིས་ཀ་ཡིག་གཟུགས་དང་། ཆེ་ཆུང་འདྲ་མཚུངས་ཡིན་དགོས་པ་སོགས་སྤྱི་ཟླ་༡པོའི་ཚེས་༡༣བར་ངེས་པར་བསྒྲུབ་དགོས་སྐོར་འཁོད་འདུག
ཟླ་འདིའི་ཚེས་༧ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ཐུན་རིན་རྫོང་མཁར་དུ་ཡོད་པའི། ཞང་ཡོན་གསོལ་མགྲོན་ཁང་(祥云饭店)ཟེར་བའི་གསོལ་མགྲོན་ཁང་གིས་གསོལ་མགྲོན་ཁང་དེའི་ལས་བྱེད་པར་དོ་དམ་སྒྲིག་གཞི་དོན་ཚན་ལྔ་ཅན་ཞིག་གཏན་འབེབས་བྱས་པའི་ནང་། ལས་ཀའི་ཁྱབ་ཁོངས་སུ་དམིགས་བསལ་གནས་ཚུལ་ལས་གཞན་ལས་བྱེད་པའི་དབར་ཕན་ཚུན་བོད་སྐད་བཤད་མི་ཆོག་པ་དང་། གལ་ཏེ་སྒྲིག་གཞི་དང་འགལ་ཚེ་སྒོར་༥༠༠ཉེས་ཆད་གཅོད་རྒྱུ་བཅས་བཀོད་པ་དྲ་ཐོག་ཏུ་ཁྱབ་མ་ཐག ས་གནས་ཡུལ་མིས་གཙོས་བོད་ཕྱི་ནང་གཉིས་ཀ་ནས་བོད་མི་མང་པོས་ངོ་རྒོལ་གྱི་རྣམ་འགྱུར་ཆེན་པོ་བསྟན་པ་དང་འབྲེལ་སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་མང་པོས་བོད་རྒྱ་ཡིག་རིགས་གཉིས་ཀའི་ཐོག་ནས་ངོ་རྒོལ་གྱི་བརྗོད་ཚིག་མང་པོ་སྤེལ་ཡོད་དང་། ཐད་ཀར་ཁ་པར་བཏང་བ་སོགས་བྱས་བ་མ་ཟད། ལྷག་དོན་རིག་འབྱུང་གླིང་སྐད་འཕྲིན་ཚོགས་པས་དོན་ཚན་བཞི་ཅན་གྱི་གསལ་བསྒྲགས་སྤེལ་བ་སོགས་ངོ་རྒོལ་རིམ་པར་བྱས་མཐར། སྤྱི་ཚེས་༨ཉིན་ཐུན་རིན་རྫོང་བཟོ་ཚོང་འཛིན་སྐྱོང་དོ་དམ་ལས་ཁང་གིས་གསོལ་མགྲོན་ཁང་དེ་གནས་སྐབས་རིང་སྒོ་བརྒྱབས་ནས་དག་ཐེར་བྱེད་བཞིན་པ་རེད།
གནད་དོན་དེའི་ཐད་དྲ་ཐོག་ནས་དྲ་དམངས་ལ་བྱ་སྤྱོད་འདི་འདྲ་བ་མཐོང་ན་ངོ་རྒོལ་བྱེད་དམ་ཞེས་དྲི་བ་རིགས་གསུམ་དྲིས་སྐབས། ཉིན་གཅིག་ནང་། མི་གྲངས་༩༤༧གྱིས་ངོ་རྒོལ་བྱེད་ཅེས་དང་། མི་གྲངས་༣༠༣༦གིས་ངོ་རྒོལ་ཤུགས་དྲག་བྱེད་རྒྱུ། མི་གྲངས་༡༠༦གིས་སྣང་དག་མེད་ཅེས་འདེམས་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org