བོད་ནང་གི་འབྲོག་ཁྱིམ་མང་པོར་འཚོ་རྟེན་གྱི་ཐོན་ཁུངས་མེད་པ་དང་རྒྱ་ནག་གཞུང་གི་རོགས་སྐྱོར་མ་སྤྲད་པས་ཟ་འཐུང་གི་དཀའ་ངལ་ཡང་འཕྲད་ཀྱི་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན་ཕྱི་ལོ་༢༠༠༩ལོར་གཅིག་པུར་བོད་ནང་འབྲོག་པ་འབྲོག་ཁྱིམ་༥༠།༠༠༠གནས་སྤོ་བྱས་ཏེ་དབུལ་སྒྲོལ་བྱས་ཡོད་སྐོར་བཀོད་ཡོད་པ་།
- 2022-06-23
-
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་དབུར་སྐྱོར་ལས་གཞི་ཡིན་ཟེར་ནས་བོད་ནང་གི་རོང་འབྲོག་མང་ཚོགས་མང་པོ་བཙན་ཤེད་ཀྱིས་གྲོང་ལ་ཕབ་ཡོད་པ་བཞིན། ད་ལྟའི་ཆར་སེར་ཤུལ་རྫོང་དང་མགོ་ལོག་པདྨ་རྫོང་གི་གནས་སྤོར་འབྲོག་ཁྱིམ་ཁག་ཏུ། རྒྱ་ནག་གཞུང་གིས་དེ་སྔ་བཤད་པ་བཞིན་དབུར་སྐྱོར་རོགས་དངུལ་དང་རྩྭ་སའི་ཁ་གསབ་རོགས་དངུལ་སྤྲོད་ཀྱི་མེད་པར། ཁྱིམ་ཚང་མང་པོ་ཞིག་ལ་ལས་ཀའི་ཐོན་ཁུངས་མེད་པ་དང་། གཞུང་གི་རོགས་དངུལ་མ་སྤྲད་པས་མཐའ་ན་ཉིན་རེའི་ཟ་འཐུང་ཉོ་བྱེད་མེད་པར་དཀའ་ངལ་འཕྲད་བཞིན་ཡོད་སྐོར། འབྲེལ་ཡོད་གནས་སྤོ་འབྲོག་ཁྱིམ་ནང་མི་གཉིས་ནས་ང་རང་ཉིད་ཀྱི་སེམས་ཚོར་དང་འབྲེལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འབྲོག་ཁྱིམ་དེ་དག་ཕྱི་ལོ་༢༠༡༤ལོ་ནས་གཞུང་གི་སྡོད་ཁང་ནང་གནས་སྤོར་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་དབུལ་སྐྱོར་མཁྲེགས་གཏོར་དང་གནས་སྤོར་དབུལ་སྐྱོར་སྲིད་ཇུས་ལག་བསྟར་ཆེད་ཡིན་པས། ཁྱིམ་ཚང་གནས་སྤོ་བྱས་ཚེ་ཡུལ་མི་གཅིག་ལ་ཟླ་རེར་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཁ་གསབ་རྒྱ་སྒོར་སུམ་བརྒྱ་ཡས་མས་ཤིག་དང་། ཁྱིམ་ཚང་གི་མི་གྲངས་ལྟར་དུ་རྩྭ་སའི་ཁ་གསབ་ལོ་རེར་རྒྱ་སྒོར་ཁྲི་གཉིས་སྤྲོད་རྒྱུ་བྱས་ཡོད་པ་ད་ང། འབྲེལ་ཡོད་བོད་མི་གཅིག་ནས་སྔར་ལོ་ནས་ངེད་ཚང་དབུལ་སྐྱོར་རོགས་སྐྱོར་ཁྲོད་ནས་གཡུགས་སོང་བ་དང་། ད་ལྟའི་ཆར་རྩྭ་སའི་ཁ་གསབ་མ་གཏོགས་མེད་ཅིང་། དེ་ཙམ་ཡང་སྤྲད་མ་སོང་བ་མ་ཟད་སྤྲད་ན་འདང་གི་མི་འདུག་ལ། ད་ནི་ཟ་འཐུང་ཉོ་སྤྱད་ཙམ་ལ་དཀའ་ངལ་འཕྲད་ནས་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ལོ་ནས་བཟུང་ཁོར་ཡུག་དང་རྩ་ས་སྲུང་སྐྱོབ་ཡིན་སྐོར་བརྗོད་ནས་བོད་གང་སར་འབྲོག་པ་གྲོང་ལ་གནས་སྤོ་བྱེད་བཅུག་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན་ཕྱི་ལོ་༢༠༠༩ལོར་གཅིག་པུར་བོད་ནང་འབྲོག་པ་འབྲོག་ཁྱིམ་༥༠།༠༠༠གནས་སྤོ་བྱས་ཏེ་དབུལ་སྒྲོལ་བྱས་ཡོད་སྐོར་བཀོད་ཡོད་པ་དང་། རྒྱ་ནག་གིས་ད་བར་བོད་ནང་གི་འབྲོག་པ་ཁྲི་ཚོ་མང་པོ་གྲོང་ལ་ཕབ་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་དེས་ད་ལོར་དབུལ་སྐྱོར་ཁ་གསབ་རོགས་དངུལ་སྒོར་རྡོག་གཅིག་ཀྱང་སྤྲད་མ་སོང་། ཕལ་ཆེར་སྤྲོད་རྒྱུ་ཡིན་ས་མ་རེད། གཞན་ས་གནས་གྱི་ཁྱིམ་ཚང་མང་པོར་སྤྲད་མི་འདུག། ད་ནི་དངོས་ནས་ཡོང་ཐབས་ཤིག་མེད་སྐོར་ཐབས་ཟད་འུ་ཐུག་ངང་འགྲེལ་བརྗོད་གནང་གི་འདུག
འདས་པའི་ལོ་ངོ་འདི་དག་རིང་རྒྱ་གཞུང་གིས་མངོན་གསལ་དོད་པོར་བོད་ཁུལ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཟེར་བ་དང། ཕྱུགས་དོར་རྩྭ་གསོ། རྩྭ་ཕྱུགས་དོ་ཉམས།དབུལ་སྐྱོར་མཁྲེགས་གཏོར། གནས་སྤོར་དབུལ་སྐྱོར་ལ་སོགས་པའི་སྲིད་ཇུས་སྣ་ཚོགས་ལག་ལེན་བསྟར་ནས། བཙན་དང་ཐབས་ཀྱི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་རང་སྐྱོང་རང་བདག་གི་འཚོ་རྟེན་དང་འཚོ་གནས་བསྒྱུར་ཏེ། འབྲོག་རུ་གནས་སྤོར་དང་ཕྱུགས་ཟོག་གི་གྲངས་འབོར་ཉུང་འཕྲི། འབྲོག་རུ་མང་ཤོས་མཁར་གྲོང་གི་མཐའ་འཁོར་དུ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་ནང་དུ་གནས་སྤོར་བཏང་ཡོད་པ་དང་། དེ་སྔོན་གནས་སྤོར་བཏང་བའི་འབྲོག་ཁྱིམ་མང་པོར་རྩྭ་སའི་ཁ་གསབ་དང་རྩྭ་སྲུང་གི་གླ་རིན། དབུལ་སྐྱོར་རྣམ་གྲངས་ཀྱི་ཁ་གསབ་མ་སྤྲད་པའི་རྐྱེན་གྱིས་འབྲོག་པ་ཚོར་འཚོ་གནས་གཞན་གཉེར་ཐབས་མེད་པས་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།