ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ལིའུ་ཤའོ་ཕུའུའི་སྐྱེས་སྐར།
ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་རྒྱ་རིགས་ལིའུ་ཤའོ་ཕུའུ་ཡིས་རང་གི་༥༥ལོའི་སྐྱེས་སྐར་དེ་བཙོན་ཁང་ནང་སྐྱེལ་འདུག
-
2010-12-28 -
-
-
༄༅༎ཕྱི་ལོ་༢༠༡༠ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་རྒྱ་རིགས་ལིའུ་ཤའོ་ཕུའུ་ཡིས་རང་གི་༥༥ལོའི་སྐྱེས་སྐར་དེ་བཙོན་ཁང་ནང་སྐྱེལ་དགོས་ཆགས་ཡོད་པ་རེད་ ཁོང་སྔ་ལོ་སྟོན་པ་ཡི་ཤུའི་འཁྲུངས་ཚེས་ཉིན་ཕྱི་ལོ་༢༠༠༨ལོའི་བཅའ་ཁྲིམས་ཞེས་པའི་ཡིག་ཆ་དེ་འདོན་སྤེལ་གནང་བར་རྒྱ་གཞུང་གིས་ཁོང་ལ་ལོ་ངོ་༡༡གི་བཙོན་བཅུག་ཉེས་ཆད་བཀལ་ཡོད་པ་རེད་
ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་ལུའི་ཞའི་པའོ་ཡི་སྐྱེས་སྐར་ཉིན་དང་སྟབས་བསྟུན་གྱིས་ཁོང་ལ་སྐྱེས་སྐར་གྱི་འཚམས་འདྲི་དང་ཁོང་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་དུ་གློད་དཀྲོལ་གཏོང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ གོང་ཞུས་འགྲོ་བ་མིའི་ཐོབ་ཐང་ཚན་པ་དེས་རྒྱ་ནག་གཞུང་གི་ཁྲིམས་ཡིག་ནང་བཙོན་པ་རྣམས་རང་གི་ནང་མི་རྣམས་ཐུག་འཕྲད་བྱེད་ཆོག་པའི་ཐོབ་ཐང་ཡོད་ནའང་ལུའི་ཞའི་པའོར་དེ་འདྲའི་ཐོབ་ཐང་དེ་སྤྲད་མེད་སྐོར་སྐྱོན་བརྗོད་གནང་འདུག ཡང་རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ལྕམ་ཀེ་ཐི་རིན་སྦེ་སྦར་ཡིས་ལིའུ་ཤའོ་ཕུའུ་དང་ཁོང་གི་བཟའ་ཟླ་ལིའུ་ཞ་གཉིས་གློད་བཀྲོལ་གཏོང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ ཁོང་གིས་ལིའུ་ཤའོ་ཕུའུ་མུ་མཐུད་བཙོན་འཇུག་བྱས་པ་དེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆིངས་དོན་ཁག་དང་ཡུལ་གྱི་ཁྲིམས་ལུགས་ལ་བཅོས་བསྒྱུར་བྱེད་རྒྱུའི་ཆོད་སེམས་དེར་འདྲི་བ་ཞིག་སླེབས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག གསར་འགོད་པས་རྒྱ་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཇང་ཡུ་ལ་ལིའུ་ཤའོ་ཕུའུ་བཙོན་འོག་ནས་གློད་བཀྲོལ་ཡོང་བའི་གནས་ཚུལ་སྐོར་འདྲི་བ་བྱེད་སྐབས་ཁོང་གིས་རྒྱ་ནག་གི་ཡུལ་དེ་ཁྲིམས་ལུགས་ལྡན་པའི་ཡུལ་ཞིག་ཡིན་པ་དང་འབྲེལ་ཡོད་ཁྲིམས་ཁང་གི་དཔོན་རིགས་རྣམས་ཀྱིས་ཁོང་གི་གནས་ཚུལ་དེ་ཁྲིམས་ལུགས་གཞིར་བཟུང་ལག་བསྟར་བྱེད་རྒྱུ་ཡིན་སྐོར་ལན་འདེབས་བྱས་ཡོད་པ་རེད་