གྲོས་མོལ་བྱེད་རྒྱུ་རང་སྐྱོང་མ་རེད་ལ་རང་བཙན་དེ་བས་མ་རེད།

རྒྱ་ནག་གིས་བོད་ལ་ཐུག་པའི་གནད་དོན་ཐད་རྒྱ་ནག་གཞུང་ནང་ལྟ་བ་ཞི་འཇམ་དང་མཁྲེགས་བཟུང་ཤོག་ཁག་ཟེར་བ་གང་ཡང་མེད་ཟེར།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་Qing Gangསྤྱི་ལོ༢༠༡༤།༣ པར། AFP

རྒྱ་ནག་གིས་བོད་ལ་ཐུག་པའི་གནད་དོན་ཐད་རྒྱ་ནག་གཞུང་ནང་ལྟ་བ་ཞི་འཇམ་དང་མཁྲེགས་བཟུང་ཤོིག་ཁག་ཟེར་བ་གང་ཡང་མེད་ཟེར།
དེ་ཡང་དེ་རིང་ཚེས་༡༨ཉིན་ཕ་རན་སིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། ད་ལམ་ཕ་རན་སིའི་བརྙན་འཕྲིན་ལས་ཁང་གིས་༧གོང་ས་མཆོག་ལ་བཅའ་དྲི་ཞུས་པའི་ནང་དོན་ཐད་རྒྱ་ནག་ཕྱི་འབྲེལ་ལས་ཁང་གི་མགྲིན་ཚབ་པ་ཆིན་ཀའང་གིས། ང་ཚོ་རྒྱ་ནག་གིས་གྲོས་མོལ་བྱེད་རྒྱུ་དེ་བོད་རང་སྐྱོང་ཟེར་བ་མ་རེད་ལ་བོད་རང་བཙན་ཟེར་བ་དེ་བས་ཀྱང་མ་རེད། དེ་ནི་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་རེད། བོད་ལ་ཐུག་པའི་གནད་དོན་ཐད། རྒྱ་ནག་གཞུང་ནང་། ལྟ་བ་ཞི་འཇམ་ཤོག་ཁག་དང་མཁྲེགས་བཟུང་ཤོིག་ཁག་ཟེར་བ་གནས་མེད་ཅིང་། རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང༌བྱ་རྒྱུ་ནི་རྒྱ་ནག་མི་མང་གི་སྲ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཤིག་རེད་ཅེས་ལན་འདེབས་བྱས་ཡོད་འདུག
ཚེས་༡༧་ཉིན་ཕ་རན་སིའི་བརྙན་འཕྲིན་ལས་ཁང་མིང་ལ་ཕ་རན་སིའི་ཚོུད་༢༤་ཞེས་པའི་བརྙན་འཕྲིན་ལས་ཁང་གིས་འབྲེལ་ཡོད་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་དྲི་ཞུས་པར་༧གོང་ས་མཆོག་གིས་འབྱུང་འགྱུར་རྒྱ་ནག་གཞུང་དང་འབྲེལ་བ་ལེགས་བཅོས་ཡོང་རྒྱུར་སྤྲོ་སྣང་གི་རྣམ་པ་གཟིགས་པ་དང་། ༧གོང་ས་མཆོག་གིས་གལ་སྲིད་རྒྱ་ནག་གི་འགོ་ཁྲིད་ཀྱིས་རྣམ་འགྱུར་ལ་འགྱུར་བ་བཏང་སྟེ་དེ་བས་དངོས་ཡོད་དང་མཐུན་པ་ཞིག་བྱུང་ན་གནད་དོན་དེ་གཅིག་བྱས་ན་གཟའ་འཁོར་གཅིག་ནང་འགྱུར་བ་འགྲོ་ཐུབ། ༧གོང་ས་མཆོག་གི་སྐུ་ཚེ་དེའི་ནང་བོད་ལ་རང་སྐྱོང་ཞིག་ཡོང་ཐུབ་རྒྱུར་ཡིད་ཆེས་མཛད་ཀྱི་འདུག་པ་དང་། རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་ཕེན་ཉིད་དངོས་དོན་གཉེར་མཁན་ཞིག་ཡིན་པར་བསྔགས་བརྗོད་གནང་བ་དང་། ཡིན་ནའི་རྒྱ་ནག་གཞུང་ནང་མཁྲེགས་འཛིན་ཤོག་ཁག་གིས་བོད་ལ་དངོས་འབྲེལ་གྱི་རང་སྐྱོང་སྤྲོད་རྒྱུར་འགོག་རྐྱེན་བཟོ་གིན་ཡོད་པ་དེས་རྐྱེན་པས་ཞེ་ཅིན་ཕེན་སྐབས་འགར་བྱེད་བདེ་དཀའ་བའི་གནས་སུ་ལྷུངས་ཀྱི་ཡོད་ཅེས་སོགས་དྲིས་ལན་མཛད་པའི་སྐོར་གནས་ཚུལ་སྤེལ་ཡོད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org