ཨ་རི་ནང་རྒྱ་ནག་གཞུང་ཚབ་གསར་འཛུཊ་མི་ཆོག་པའི་ཁྲིམས་ཡིག
ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུང་གསར་པ་འཛུགས་བཅུག་རྒྱུ་མིན་པ་ཁྲིམས་གཞི་གཏན་འབེབས་གནང་ཡོད་པ།
-
2011-07-23 -
-
-
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁང་ཞིག་གསར་འཛུགས་བྱེད་མ་བཅུག་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུང་གསར་པ་འཛུགས་བཅུག་རྒྱུ་མིན་པ་ཁྲིམས་གཞི་གཏན་འབེབས་གནང་འདུག
དེ་ཡང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདི་ཚེས་ ༢༢ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས། འདི་ཚེས་ཉི་ཤུའི་ཉིན་ཨ་རིའི་ཕྱི་འབྲེལ་བཀའ་འཁྲོལ་ཁྲིམས་ཡིག་ཅེས་པ་གཏན་འབེབས་གནང་བའི་ནང༌། བོད་ནང་བསྐྱོད་མཁན་གྱི་ཨ་རིིའི་མི་སེར་ཚོར་དགོས་མཁོའི་ཞབས་འདེགས་སྤྲོད་ཆེད་དང༌། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་དང༌། མཚོ་སྔོན་དང༌། ཟི་ཁྲོན། ཀན་སུ། ཡུ་ནན་ཞིང་ཆེན་བཅས་པའི་ཁོངས་སུ་ཡོད་པའི་བོད་པའི་ས་ཁུལ་ཁག་གི་ཆབ་སྲིད་དང༌། དཔལ་འབྱོར། རིགས་གཞུང་བཅས་པའི་སྐོར་གནས་ཚུལ་རྟོག་ཞིབ་བྱ་རྒྱུར། ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཞུང་ཚབ་ཡན་ལག་ལས་ཁུང་ཞིག་འཛུགས་ཐབས་ཀྱི་འབད་བརྩོན་གནང་དགོས་པ་དང༌། ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁང་ཞིག་བཙུགས་མ་ཐུབ་ཀྱི་བར་དུ། ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་པ་འཛུགས་རྒྱུའི་བཀའ་འཁྲོལ་གནང་འཐལ་མི་ཡོང་བ་ཅེས་དང༌། ཡང་ཁྲིམས་ཡིག་དེའི་ནང༌། ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁང་ཞིག་གསར་འཛུགས་མ་ཐུབ་ཀྱི་བར་དུ། རྒྱ་ནག་གི་རྒྱལ་ས་པི་ཅིང་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་བོད་ཀྱི་གནད་དོན་རྟོག་ཞིབ་གནང་རྒྱུར་དམིགས་པས་སྡེ་ཚན་ཞིག་ཆེད་འཛུགས་དགོས་སྐོར་བཀོད་ཡོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདོན་སྤེལ་གནང་བའི་གནས་ཚུལ་དེའི་ནང་མུ་མཐུད་འཁོད་གསལ་ལ་གཞིགས་ན། ཕྱོགས་གཅིག་ནས་ འདས་པའི་དུས་ཡུན་གང་མཚམས་ནས་བཟུང་ཨ་རིའི་ཕྱོགས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཞུང་ཚབ་ཡན་ལག་ལས་ཁུང་ཞིག་འཛུགས་ཐབས་བྱེད་བཞིན་པར། རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་ཀྱི་མེད་པ་དང༌། ཡང་ཕྱོགས་གཞན་ཞིག་ནས་ཨ་རིའི་གྲོང་ཁྱེར་ སྦོས་ཊོན་དང༌། ཨེཊ་ལན་ཊ་གཉིས་ཀྱི་ནང་། རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་འཛུགས་ཆོག་པའི་བཀའ་འཁྲོལ་ཞུ་བཞིན་ཡོད་སྟབས། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ད་ལམ་ཁྲིམས་ཡིག་འདི་གཏན་འབེབས་གནང་བ་ཞིག་ཡིན་པ་དང༌། ཁྲིམས་ཡིག་འདི་ནི། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཕྱི་ཕྱོགས་སུ་སྒོ་བརྒྱབ་སྟེ། བོད་ནང་གི་གནས་ཚུལ་ངོ་མ་རྒྱལ་སྤྱིའི་མི་མང་གི་ཤེས་མ་ཐུབ་པ་བཟོ་བའི་བྱ་སྤྱོད་དེར་ལན་འདེབས་གནང་བ་ཞིག་དང༌། བོད་ནང་ཨ་རིའི་གཞུང་ཚབ་ལས་ཁང་ཞིག་འཛུགས་ཐབས་ཡོང་རྒྱུར་འབད་བརྩོན་ཆེན་པོ་གནང་གི་ཡོད་པའི་རྟགས་མཚན་གསལ་པོ་ཞིག་ཡིན་པ་རེད༎