རླུང་འཕྲིན་འཁྱེར་མི་ཆོག
བཞུགས་སྒར་དུ་༧གོང་ས་མཆོག་གི་གསུང་ཆོས་སྐབས་པར་ཆས་དང་། ལག་ཐོག་ཁ་པར། FM Radio ཨེཕ་ཨེམ་རེ་ཌི་ཡོའམ་རླུང་འཕྲིན་ཡོ་ཆས་སོགས་འཁྱེར་མི་ཆོག་པའི་གསལ་བསྒྲགས་གནང་འདུག
-
2013-08-21 -
-
-
༄༅། །དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ད་རིང་ཚེས་༢༡ཉིན་སྤྱི་བསྒྲགས་སྤེལ་བའི་ནང་། ༸སྐུའི་ཉེན་སྲུང་གི་གནད་དོན་དང་འབྲེལ་བའི་ཐོག ད་ནས་བཟུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དྷ་རམ་ས་ལར་གསུང་ཆོས་གནང་བའི་སྐབས་འཕྲུལ་རིགས་པར་ཆས་དང་། ལག་ཐོག་ཁ་པར། དེ་བཞིན་ཨེཕ་ཨེམ་རི་དྲོ་ཡའམ་རླུང་འཕྲིན་ཡོ་ཆས་སོགས་འཁྱེར་ཆོག་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་འདུག སྒྲིག་གཞི་འདི་བཞིན་འདི་ཟླའི་ཚེས་༢༥ནས་༢༧བར་བཞུགས་སྒར་དུ་གསུང་ཆོས་གནང་བའི་སྐབས་ནས་བཟུང་འགོ་འཛུགས་གནང་གི་ཡོད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཚེས་༢༡ཉིན་ལ་དྭགས་ཁུལ་དུ་སྒྲོལ་དཀར་གྱི་ཚེ་དབང་རྩལ་གནང་ཡོད་པ་དང་། ཚེས་༢༣ཉིན་བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་གནང་གི་ཡོད་འདུག མཛད་འཆར་སྔོན་སྒྲིག་གནང་བ་གཞིར་བཟུང་བྱས་ན། ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་མཆོག་ནས་ཕྱི་ཚེས་༢༥ནས་༢༧བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་གནང་གི་ཡོད་པ་རེད། རྒྱུན་གཏན་ཆོས་འབྲེལ་གྱི་སྐབས་པར་ཆས་དང་། ལག་ཐོག་ཁ་པར་སོགས་འཕྲུལ་ཆས་ཀྱི་རིགས་འཁྱེར་ཆོག་གི་མེད་ཀྱང་། ཨིན་སྐད་གཙོ་བོར་འགྱུར་བའི་བཀའ་ཆོས་ཀྱི་གསུང་སྒྱུར་སྐད་རིགས་ཁག་གསན་རྒྱུའི་ཆེད་ཨེཕ་ཨེམ་རི་དྲོ་ཡའམ་རླུང་འཕྲིན་ཡོ་ཆས་འཁྱེར་ཆོག་གི་ཡོད་ཀྱང་། ༧སྐུའི་ཉེན་སྲུང་གི་ཆེད་ད་རེས་ཀྱི་ཆོས་འབྲེལ་འདི་ནས་བཟུང་རླུང་འཕྲིན་ཡང་འཁྱེར་ཆོག་རྒྱུ་མིན་པའི་གསལ་བསྒྲགས་གནང་བ་ཞིག་ཡིན་པ་རེད། འོན་ཀྱང་ཨིན་སྐད་ཐོག་བཀའ་ཆོས་གསན་མཁན་ཚོར་དམིགས་བསལ་མཐུན་རྐྱེན་བསྐྲུན་རྒྱུའི་ཆེད་ལས་རིམ་ཕེབས་བཞིན་པ་རེད་འདུག།