ཨོ་ལིམ་པིག་འགོ་འབྱེད་ལ་རྥ་རན་སིའི་སྲིད་འཛིན་ཕེབས་མིན་སྐོར།
རྥ་རན་སིའི་སྲིད་འཛིན་མཆོག་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་འགོ་འབྱེད་ཀྱི་མཛད་སྒོར་ཚོགས་ཞུགས་གནང་མིན་ཐག་གཅོད་གནང་མེད་པ་རེད།
-
2008-06-30 -
-
-
༄༅༎རྥ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་ཡི་ལས་ཁུངས་ཀྱིས་ སྲིད་འཛིན་མཆོག་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་འགོ་འབྱེད་ཀྱི་མཛད་སྒོར་ཚོགས་ཞུགས་གནང་གི་ཡོད་མེད་ཀྱི་ཐད་ལ་ ཐུགས་ཐག་ཆོད་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་
རྥ་རན་སིའི་སྲིད་འཛིན་མཆོག་སང་ཉིན་ཡུ་རོབ་མཐུན་ཚོགས་ཡུལ་ཁག་གི་རེས་བསྐོར་གྱི་ཚོགས་གཙོའི་ཐུགས་འགན་བཞེས་ཀྱི་ཡོད་པ་དང་ ཁོང་ནས་དེ་སྔོན་རྒྱ་ནག་གཞུང་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་ལྷན་བོད་རྒྱ་འབྲེལ་མོལ་གྱི་གྲོས་མོལ་དོན་ཕན་ལྡན་པ་ཞིག་མ་གནང་བ་ཡིན་ན་ ཁོང་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཚོགས་བཅར་གནང་རྒྱུ་མིན་སྐོར་གསུངས་ཡོད་པ་རེད་ རྥ་རན་སི་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ བོད་རྒྱ་འབྲེལ་མོལ་ལ་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་མ་བྱུང་གི་བར་ སྲིད་འཛིན་མཆོག་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོར་ཚོགས་ཞུགས་གནང་རྒྱུ་མེད་པ་དང་ རྒྱ་ནག་གཞུང་གི་ད་བར་གྱི་བྱ་སྤྱོད་ལ་གཞིགས་ཚེ་ བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་གང་ཡང་བྱུང་མེད་པ་དང་ ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ལ་གྲུབ་འབྲས་བཏོན་རྒྱུ་ཡོད་པའི་གྲོས་མོལ་ཞིག་ཞུ་དགོས་པའི་རེ་འདུན་བཏོན་སྐབས་ རྒྱ་ནག་གཞུང་གིས་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པ་ཞིག་ཡིན་སྐོར་གྱི་སྐྱོན་བཙུགས་བྱས་པ་དང་ དེ་མཚུངས་ཀྱི་བོད་ནང་དངོས་ཡོད་གནས་སྟངས་རྟོག་ཞིབ་ཀྱི་ཆེད་གསར་འགོད་པ་བསྐྱོད་རྒྱུར་ད་ལྟའང་དམ་བསྒྲགས་བྱ་མུས་སུ་ཡོད་པ་སོགས་ མདོར་ན་ ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཐོན་རྒྱུ་མེད་པའི་གནས་སྟངས་དེ་ལྟ་བུའི་འོག་སྲིད་འཛིན་མཆོག་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོར་ཚོགས་ཞུགས་གནང་གི་ཡོད་པ་གོ་ཐོས་ཡོང་གི་ཡོད་པར་ དེ་ལྟར་གནང་ཚེ་ དེ་ནི་སྲིད་འཛིན་མཆོག་གིས་རྥ་རན་སི་ཡུལ་མི་མང་ཚོགས་ལ་ཁས་ལེན་བྱས་པ་དེ་དང་ རྒྱབ་འགལ་ཞིག་ཡིན་པར་ངོ་རྒོལ་ཞུ་ཡི་ཡོད་ཅེས་བཀོད་ཡོད་པ་རེད་ དེ་ནི་གཙོ་བོ་རྥ་རན་སིའི་རྒྱ་ནག་ནང་ཡོད་པའི་གཞུང་ཚབ་ཀྱིས་ སྲིད་འཛིན་སར་ཀོ་ཛི་མཆོག་རྒྱ་ནག་ནང་ཚུགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོར་ཚོགས་ཞུགས་ཡོང་གི་ཡོད་སྐོར་གསར་འགོད་པ་ཚོར་གསུངས་པའི་ནང་དོན་ལ་ རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་སྐྱོན་བརྗོད་གནང་གི་ཡོད་པ་རེད་