རྒྱ་གཞུང་གིས་ཉིའི་གཡུས་ལན་ལ་དམ་བསྒྲགས་བྱེད་བཞིན་པ།
ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་ལྔ་དང་ཉིའི་གཡུས་ལན་(Ni yulan)ཐུག་འཕྲད་བྱེད་རྒྱུར་རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་པའི་གནས་ཚུལ།
-
2016-04-23 -
-
-
༄༅། །ཉེ་ཆར་རྒྱ་ནག་གི་ཉེན་རྟོག་པས་རྒྱ་ནག་མི་དམངས་ཀྱི་ཐོབ་ཐང་རྩོད་མཁན་ཉིའི་གཡུས་ལན་(Ni yulan)ལ་དོ་དམ་བཀག་སྐྱིལ་བྱས་ཡོད་པ་མ་ཟད། ད་དུང་ཉིའི་གཡུས་ལན་ལ་གཟིགས་པར་ཕེབས་མཁན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་ལྔ་དང་ཉིའི་གཡུས་ལན(Ni yulan)ཐུག་འཕྲད་བྱེད་རྒྱུར་བཀག་འགོག་ཡང་བྱས་ཡོད་པ་རེད་འདུག
དེའང་ཉེ་ཆར་རྒྱ་ནག་མི་དམངས་ཀྱི་ས་ཁང་གི་ཐོབ་ཐང་རྩོད་མཁན་ཉིའི་གཡུས་ལན(Ni yulan)བཀག་སྐྱིལ་བྱས་རྗེས། ཁ་ས་རེས་གཟའ་སྤེན་པའི་ཉིན་རྒྱབ་ཆུ་ཚོད་གསུམ་ཐོག་ཡོ་རོབ་མཐུན་ཚོགས་དང་འཇར་མ་ནི། ཁད་ན་ཀྲ། ཧྥ་རན་སི་། སུད་སི་བཅས་ནུབ་ཕྱོགས་རྒྱལ་ཁབ་ལྔའི་ཕྱི་འབྲེལ་མི་སྣ་ལྔས་ཉིའི་གཡུས་ལན་བཀག་སྐྱིལ་བྱེད་ཡུལ་པེ་ཅིང་གྲོང་ཁྱེར་ནུབ་ཕྱོགས་ས་གནས་ཀྱི་རྡའ་སྣེད་ཁྲོམ་ལམ་དུ་གནས་པའི་ཉིའི་གཡུས་ལན(Ni yulan)བཞུགས་སའི་གནས་གཡར་ཁང་པ་དེའི་ནང་ཕེབས་ཏེ་ཉིའི་གཡུས་ལན(Ni yulan)ཐུག་འཕྲད་གནང་རྒྱུའི་འབད་བརྩོན་གནང་ཡོད་པ་དང་། ཡིན་ནའང་ཁུལ་དེར་ལྟ་སྲུང་བྱེད་མཁན་དུ་བཞག་པའི་མི་སེར་སྐྱུས་མའི་ཆས་སྤྲས་པའི་ཉེན་རྟོག་པ་ཁྱུ་ཚོ་གཅིག་གིས་ཕྱི་འབྲེལ་མི་སྣ་ལྔ་པོ་དེ་ཁང་པའི་ནང་འཛུལ་མི་བཅུགས་པར་བཀག་འགོག་བྱས་ཡོད་པ་རེད་འདུག གཞན་ཡང་རྒྱ་ནག་གཞུང་གིས་བཙན་ཤེད་ངང་རྒྱ་ནག་མི་དམངས་ཀྱི་ས་ཆ་འཕྲོག་པ་དང་ཁང་པ་གཤིགས་པའི་བྱེད་སྟངས་ལ་སྐྱོན་འཛུགས་དང་མི་དམངས་ས་ཁང་ལ་སྲུང་སྐྱོབ་བྱས་པའི་གཟེངས་སུ་ཐོན་པའི་བྱས་རྗེས་ལ་དམིགས་ཏེ། ཉེ་ཆར་ཨ་རིའི་ཕྱོགས་ནས་ཉིའི་གཡུས་ལན(Ni yulan)ལ་རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་ཅེས་པའི་བྱ་དགའ་དེ་གནང་ཡོད་པ་དང་། ཡིན་ནའང་ཁོང་ལ་བྱ་དགའ་དེ་ཐོབ་རྗེས་པེ་ཅིང་གི་ཉེན་རྟོག་པས་ཉིའི་གཡུས་ལན་པེ་ཅིང་དུ་བཞུགས་སའི་ཁོང་གིས་གནས་གཡར་གནང་བའི་ཁང་པ་དེའི་ནང་བཀག་སྐྱིལ་བྱས་ཤིང་ཁོང་ཨ་རིའི་རྒྱལ་ས་དབའ་ཤུན་ཀྲུན་དུ་བྱ་དགའ་བཞེས་པར་ཕེབས་ཐུབ་ཐབས་མེད་པ་བཟོས་ཡོད་ལ། གོང་ཞུས་ཨ་རིའི་རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་ཅེས་པའི་བྱ་དགའ་དེ་བཞིན་ལོ་ཤས་གོང་ཨ་རིའི་ངོས་ནས་བོད་ཀྱི་སྐད་གྲངས་ཡོད་པའི་བུད་མེད་རྩོམ་པ་པོ་དང་རང་དབང་འཐབ་རྩོད་པ་འོད་ཟེར་ལགས་ལ་ཕུལ་མྱོང་ཡོད།།
གསར་འགོད་པ་ཀུན་བཟང་རིག་འཛིན།